འདུལ་འཛིན་གྲགས་པ་རྒྱལ་མཚན་གྱི་རྣམ་ཐར།

ཡོང་ཁུངས།   ངེད་དགེ་ལུགས་པའི་དྲ་བ།     སྤེལ་དུས།  2017-08-05 21:45:31     རྩོམ་པ་པོ།   ཡོངས་འཛིན་ཡེ་ཤེས་རྒྱལ་མཚན།     ཀློག་ཐེངས།  

870575051637918217.jpg

                    སྲས་ཀྱི་ཐུ་བོ་འདུལ་འཛིན་གྲགས་པ་རྒྱལ་མཚན་ནི་བསྐལ་པ་དཔག་ཏུ་མེད་པའི་སྔོན་རོལ་ནས་ཐུགས་བསྐྱེད་དེ།རྒྱལ་སྲས་ཀྱི་སྤྱོད་པ་རྒྱ་མཚོ་ལ་སློབ་བཞིན་པ་ལས་ཞིང་འདིར་རྗེ་རིན་པོ་ཆེའི་བསྟན་པ་སྤེལ་བའི་ཕྱིར་སྨོན་ལམ་གྱི་མཐུས་བྱོན་པ་ཞིག་སྟེ།དེ་ཡང་དབུས་སྟོད་སྦྲང་དུ་ཀུན་དགའ་ཞེས་པ་ཤིང་ཕོ་སྟག་གི་ལོ་སྐུ་འཁྲུངས། སྐུ་གཞོན་ནུ་ནས་འབྲི་ཁུང་ཆོས་རྗེ་ལ་གཏུགས་ཏེ་རབ་ཏུ་བྱུང༌། དགེ་བའི་བཤེས་གཉེན་མང་པོ་ལས་མདོ་སྔགས་ཀྱི་ཆོས་མཐའ་ཡས་པ་གསན། ཁྱད་པར་རྗེ་ཐམས་ཅད་མཁྱེན་པའི་ཞབས་ལ་གཏུགས་ཏེ་ཡུན་དུ་བསྟེན་ནས་སྡེ་སྣོད་གསུམ་དང་རྒྱུད་སྡེ་བཞིས་བསྡུས་པའི་གསུང་རབ་དགོངས་འགྲེལ་དང་བཅས་པ་ཐམས་ཅད་ཀྱི་སྙིང་པོའི་དོན་བྱང་ཆུབ་ལམ་གྱི་རིམ་པའི་ཁྲིད་གསན་ཏེ་ཉམས་སུ་བཞེས་པས་རྩོལ་མེད་ཀྱི་མྱོང་བ་ཕུལ་ཕྱིན་ཐོན། རྒྱུད་སྡེ་བཞིས་བསྡུས་པའི་ལྷའི་རྣལ་འབྱོར་ཕྲ་རགས་རྣམས་སྒོམ་པ་ལ་འབད་པས་དཀྱིལ་འཁོར་གྱི་འཁོར་ལོ་མངོན་སུམ་དུ་གྱུར། བསྐྱེད་རྫོགས་ཀྱི་མན་ངག་རྣམས་ལ་མྱོང་བ་ཕུལ་ཕྱིན་ཐོན། སྡོམ་པ་གསུམ་གྱི་བཅས་མཚམས་ཕྲ་ཞིང་ཕྲ་བའང་ཉམས་པ་མེད་པར་བསྲུང་ཞིང་བྱང་ཆུབ་ཀྱི་སེམས་རིན་པོ་ཆེ་ཐུགས་དམ་གྱི་མཐིལ་དུ་མཛད་པས་ལུང་དང་མངོན་པར་རྟོགས་པའི་ཡོན་ཏན་གྱི་ཕུང་པོ་ཆེན་པོར་གྱུར་ནས་ཆོས་ཀྱི་རྒྱལ་པོ་ཙོང་ཁ་པ་ཆེན་པོའི་སྲས་ཀྱི་ཐུ་བོར་གྱུར་ཏེ་རྗེའི་སློབ་མ་ཐམས་ཅད་ཀྱིས་རྗེ་ཉིད་དང་འདྲ་བར་གུས་པར་བྱེད་ཅིང་ཆོས་ཀྱི་བཀའ་དྲིན་ནོད་པར་བྱེད་དོ། །

                    སེམས་དཔའ་ཆེན་པོ་འདིས་ལེགས་ཚོགས་ཐམས་ཅད་ཀྱི་རྩ་བ་བཤེས་གཉེན་བསྟེན་ཚུལ་ལ་ཐུག་པར་གཟིགས་ནས་རྗེ་རིན་པོ་ཆེ་དུས་རྟག་ཏུ་མཉེས་པ་གསུམ་གྱིས་མཉེས་པར་བྱེད་ཅིང༌། ལྷག་པར་བཀའ་བཞིན་བསྒྲུབ་པ་ལས་ནམ་ཡང་མི་འདའ་བར་དགའ་ལྡན་རྣམ་པར་རྒྱལ་བའི་གླིང་འདེབས་པའི་ཚེ་རྗེའི་བཀའ་བཞིན་གཙུག་ལག་ཁང་བརྩིག་པ་དང་སྤོང་བ་པ་སོ་སོའི་སྤྱིལ་བུ་བརྩིག་པ་སོགས་ལ་ངལ་བ་ཁྱད་དུ་བསད་དེ་བརྩོན་པ་ཆེར་མཛད་ཅིང༌། དེ་ཡང་འདུལ་བ་དང་མཐུན་པ་ཁོ་ནར་མཛད་དེ། ཐོག་མར་ས་བརྟག་པ། དེ་ནས་དགེ་འདུན་ལ་གནང་བ་ཞུ་བ། དགེ་འདུན་གྱིས་གནང་བ་ན་ལག་གི་བླ་བསྐོས་ཏེ་རུང་ཁང་གཅོད་པ་ནས་བཟུང་མཐར་གཙུག་ལག་ཁང་རྟེན་དང་བརྟེན་པར་བཅས་པ་ཡོངས་སུ་རྫོགས་པ་གྲུབ་པའི་བར་འཁུར་བཞེས་ཏེ་མཐར་ཕྱིན་པར་མཛད་ནས་རྗེ་རིན་པོ་ཆེ་གདན་དྲངས་ཏེ་མཉེས་པར་མཛད་པ་སོགས་འཁོར་ལོ་གསུམ་གྱི་བྱ་བ་མཐའ་དག་གིས་རིན་པོ་ཆེ་རྣམ་པ་ཀུན་ཏུ་མཉེས་པར་མཛད་ནས་མཐར་རྗེ་རིན་པོ་ཆེ་ཞིང་གཤེགས་པའི་ཚེ་རང་ཉིད་ཀྱིས་རྗེའི་གདན་ས་མ་མཛད་པར་རྒྱལ་ཚབ་རིན་པོ་ཆེ་གདན་སར་མངའ་གསོལ། སྐུ་གདུང་རིན་པོ་ཆེ་མ་ཉམས་པར་ཙན་དན་འབའ་ཞིག་ལས་གྲུབ་པའི་སྒྲོམ་དུ་བཞུགས་སུ་བཅུག དེ་ཡང་དངུལ་བྲེ་ཆེན་བཅོ་བརྒྱད་ལས་བརྡུངས་པའི་གདུང་ཁང་གི་བུམ་པར་བཞུགས་སུ་གསོལ་ཏེ། གཙུག་ལག་ཁང་གི་གློ་འབུར་བྱང་མར་བཞུགས་ནས་མཆོད་པ་རྒྱ་ཆེན་པོས་མཆོད་པར་མཛད་པ་ལ་སོགས་པའི་བྱ་བ་རྣམས་རྫོགས་པར་མཛད་ནས་རྗེ་རིན་པོ་ཆེའི་དགོངས་པ་རྫོགས་པའི་ཕྱིར་དུ་བཙུན་མོ་ཚལ་གྱི་དགོན་པ་བཏབ་ནས་ཚོགས་པ་བསྐྱངས་པས་དགེ་འདུན་བརྒྱད་བརྒྱ་ལྷག་ཙམ་འདུས། རེས་འགའ་སྤངས་ས་སོགས་དགོན་གནས་དང་རི་ཁྲོད་གཞན་དུའང་བཞུགས་ཏེ་འགྲོ་དོན་དང་ཐུགས་དམ་འཕེལ་བར་མཛད། སྐབས་ཤིག་ཏུ་ཚལ་གུང་ཐང་དུ་ཕེབས་ཏེ་འདུལ་བའི་བསླབ་བྱ་དང་ལམ་རིམ་ལེགས་པར་གསུངས།ཚལ་གུང་ཐུང་གི་དགེ་འདུན་ཐམས་ཅད་འདུལ་ཁྲིམས་རྣམ་པར་དག་པ་དང་སྐྱེས་བུ་ཆེན་པོའི་ཆོས་ལུགས་ལ་སྦྱོར་བར་མཛད་པས་ཚལ་གུང་ཐང་གི་ཆོས་སྡེ་འདི་ལ་རྗེ་ཉིད་ལས་ཀྱང་བཀའ་དྲིན་ཆེ་བར་གྱུར་པ་ཡིན་ནོ། །བླ་མ་བྱང་ཆུབ་སེམས་དཔའ་འདི་ལ་རྗེའི་གསང་སྔགས་དང་འདུལ་བའི་བཀའ་བབ་པར་སྣང་སྟེ།རྗེའི་བཤད་སྲོལ་ཕྱག་ལེན་བཟང་པོ་མི་ཉམས་པའི་ཕྱིར་དུ་འདུལ་བའི་བསླབ་བྱ་ཆེན་མོར་གྲགས་པ་དང༌། དགེ་ཚུལ་གྱི་བསླབ་བྱ།གཞི་གསུམ་གྱི་ཆོ་གའི་ལག་ལེན། འདུལ་བའི་གླེང་འབུམ་རྣམས་མཛད། རྗེའི་གསང་སྔགས་ཀྱི་སྒྲུབ་དཀྱིལ་རྣམས་ལ་ལྷན་ཐབས་དང་ཕྱག་བཞེས། རབ་གནས་ཀྱི་ཆོ་ག འཁོར་ལོ་སྡོམ་པའི་ཕྱི་རོལ་མཆོད་པ། གསང་འདུས་མི་བསྐྱོད་པའི་ཚོམས་བུ་ལ་བརྟེན་པའི་མདུན་བསྐྱེད་ཀྱི་མཆོད་ཐབས།དྲིལ་བུ་ལྷ་ལྔའི་སྒྲུབ་ཐབས། འཁོར་ལོ་ཆེན་པོའི་སྒྲུབ་དཀྱིལ།ལཱུ་ཧི་པའི་དཀྱིལ་ཆོག དམར་ནག་གི་སྒྲུབ་ཐབས། རྡོ་རྗེ་དབྱིངས་ཀྱི་དཀྱིལ་འཁོར་གྱི་ཆོ་ག ཀུན་རིག་རྣམ་པར་སྣང་མཛད་ཀྱི་ཆོ་ག ངན་སོང་སྦྱོང་རྒྱུད་ཀྱི་རྣམ་བཤད། བྱ་རྒྱུད་རིགས་གསུམ་ལ་བརྟེན་པའི་ཆོ་གའི་ལག་ལེན་སོགས་རྩོམ་པ་ཡང་མང་དུ་མཛད་དོ། །

                    ཐུན་མོང་མ་ཡིན་པའི་རྣམ་ཐར་དང་སྐྱེས་རབས་ནི་མཁན་ཆེན་ལས་ཀྱི་རྡོ་རྗེས་གསང་བདག་ལ་ཞུས་པ་དང༌། བླ་མ་དབུ་མ་པས་རྗེ་བཙུན་འཇམ་དབྱངས་ལ་ཞུས་པ་དང༌། བླ་མ་འཇལ་དཔལ་རྒྱ་མཚོས་རྗེ་བཙུན་ལ་ཞུས་པ་རྣམས་མཐུན་པར་སྣང་སྟེ། དེ་ཡང་འདི་ལྟར་སློབ་དཔོན་གྲགས་པ་རྒྱལ་མཚན་པ་སྐྱེ་བ་མང་པོའི་སྔོན་དུ་བྲམ་ཟེའི་ཁྱེའུ་གོ་འཕང་བྱ་བར་སྐྱེས་པའི་དུས་ན། སངས་རྒྱས་ལོག་པར་དད་སེལ་གྱི་སྤྲུལ་པའི་རང་སངས་རྒྱས་ཤིག་ལ་བསོད་སྙོམས་བཟང་པོ་ལྷུང་བཟེད་གང་ཕུལ་ནས་བདག་འདི་ནས་སྐྱེ་བ་ཐམས་ཅད་དུ་རྒྱལ་བ་ཀུན་གྱི་དམ་པའི་ཆོས་མ་ལུས་པར་འཛིན་ཅིང༌། མཐའ་འཁོབ་རྣམས་སུ་འགྲོ་བ་མང་པོ་ལ་དམ་པའི་ཆོས་སྟོན་ཅིང་ཐེག་པ་གསུམ་གྱི་ལམ་ལ་འགོད་པར་གྱུར་ཅིག ཅེས་སྨོན་ལམ་བཏབ་པའི་མཐུས་སྐྱེ་བ་དྲུག་མཐའ་འཁོབ་ཀྱི་རྒྱལ་པོར་སྐྱེས་ནས་འགྲོ་བ་མང་པོ་ལ་ཐེག་པ་གསུམ་གྱི་ཆོས་བསྟན་ཏེ་ལམ་རྣམ་པར་དག་པ་ལ་བཀོད། དེ་ནས་རབ་ཏུ་བྱུང་བ་དང་ཐེག་པ་གསུམ་ལ་མཁས་པའི་དགེ་སློང་དང༌། པཎྜི་ཏ་མཁས་ཤིང་གསལ་བ་ཤ་སྟག་ཏུ་སྐྱེ་བ་མང་པོ་བླངས་ནས་དམ་པའི་ཆོས་བསྟན་ཏེ་མཐའ་ཡས་པའི་སེམས་ཅན་གྱི་དོན་རྒྱ་ཆེར་བྱས། དེ་ནས་སུམ་ཅུ་རྩ་གསུམ་དུ་ལྷའི་བུ་ཞི་བའི་ཏོག་ཅེས་བྱ་བར་སྐྱེས་ནས་ལྷ་མང་པོའི་དོན་བྱས། དེ་ནས་འདིར་སྐྱེས་པ་ཡིན། འདིར་རྗེ་བཙུན་བྱམས་མགོན་གྱི་སྐུ་རིན་པོ་ཆེ་ལས་བྱས་པ་སོགས་བཀོད་པ་ཐོ་ཚེར་བྲིས་པ་ལྟར་བཞེངས་ནས་འཆད་ཉན་དང་ཐུགས་དམ་སོགས་ཀྱི་དགེ་རྩ་རྗེ་བཙུན་གྱིས་རྗེས་སུ་འཛིན་པའི་ཆེད་དུ་བསྔོ་ཞིང་བསྟན་པ་རྒྱས་པ་སོགས་ཀྱི་སྨོན་ལམ་རྒྱ་ཆེན་པོ་འདེབས་པར་མཛད། དེ་ལྟར་བསྒྲུབས་པས་འདིར་ཡང་བསྟན་པ་དང་སེམས་ཅན་ལ་ཕན་པ་རྒྱ་ཆེན་འབྱུང༌། བྱང་ཆུབ་ཀྱི་སེམས་ལ་བརྟེན་ནས་རྟོགས་པ་ཁྱད་པར་ཅན་སྐྱེ།འབྲེལ་ཚད་དཀར་པོའི་ས་བོན་ཐེབས། མདོ་སྔགས་ལ་བརྟེན་པའི་སློབ་མ་བསྟན་པ་འཛིན་པ་དང་སེམས་ཅན་ལ་ཕན་པ་རྒྱ་ཆེན་པོ་དང་ལྡན་པ་མང་དུ་འབྱུང༌། སྙན་པའི་གྲགས་པས་ཕྱོགས་ཀུན་ཏུ་ཁྱབ་ཅིང་སངས་རྒྱས་ཀྱི་བསྟན་པ་རིན་པོ་ཆེ་སྒོ་ཐམས་ཅད་ནས་རྒྱས་པར་བྱེད་དོ། །

                    སྐྱེ་བ་ཕྱི་མ་དགའ་ལྡན་དུ་རྒྱལ་ཚབ་མི་ཕམ་མགོན་པོའི་སྲས་མཆོག་ལྷའི་བུ་རྒྱལ་སྲས་ཞི་བའི་སྙིང་པོ་ཞེས་བྱ་བར་སྐྱེས་ནས་བྱང་ཆུབ་སེམས་དཔའི་སྤྱོད་པ་རླབས་པོ་ཆེས་འགྲོ་བའི་དོན་བྱེད་ཅིང༌། མཐར་དེ་བཞིན་གཤེགས་པ་བྱམས་པའི་དབང་པོ་ཞེས་བྱ་བར་འགྱུར་རོ། །ཞེས་མཁན་ཆེན་ལས་ཀྱི་རྡོ་རྗེས་གསང་བའི་བདག་པོ་ཕྱག་ན་རྡོ་རྗེ་ལ་དངོས་སུ་ཞུས་པ་ལས་འབྱུང་ཞིང་དབུ་མ་པ་དཔའ་བོ་རྡོ་རྗེས་རྗེ་བཙུན་འཇམ་པའི་དབྱངས་ལ་ཞུས་པ་ལས་ཀྱང་དེ་བཞིན་དུ་འབྱུང་ཡང་དུས་ཕྱིས་བླ་མ་འཇམ་དཔལ་རྒྱ་མཚོས་རྗེ་བཙུན་འཇམ་པའི་དབྱངས་ལ་གསོལ་བ་ཡུན་རིང་དུ་བཏབ་སྟེ། སློབ་དཔོན་རིན་པོ་ཆེ་འདུལ་བ་པ་འདི་པའི་སྐུ་ཚེ་སྔ་ཕྱི་རྣམས་ཇི་སྐད་བྱ་བ་ལགས། འདིར་བསྟན་པ་ལ་ཕན་པ་ཆེ་ཆུང་ཇི་ཙམ་འབྱུང༌། སྐུ་ཚེ་རིང་ཐུང་ཇི་ཙམ་ཡོང༌། གང་དུ་བཞུགས་ན་འགྲོ་དོན་དང་ཐུགས་དམ་འཕེལ་ཞེས་ཞུས་པས། རྗེ་བཙུན་གྱིས་འདུལ་བ་པ་སྔོན་སྐྱེ་བ་མང་པོའི་སྔོན་རོལ་དུ་རྒྱ་གར་བྲམ་ཟེའི་ཁྱེའུ་གོ་འཕང་བྱ་བར་སྐྱེས་ཏེ་སངས་རྒྱས་ལོག་པར་དད་སེལ་གྱི་སྤྲུལ་པའི་རང་རྒྱལ་ཞིག་ལ་བསོད་སྙོམས་བཟང་པོ་ལྷུང་བཟེད་གང་ཕུལ་ནས། བདག་སྐྱེ་བ་ཐམས་ཅད་དུ་རྒྱལ་བའི་དམ་ཆོས་མཐའ་དག་བཟུང་ནས་མཐའ་འཁོབ་ཀྱི་ཡུལ་རྣམས་སུ་འགྲོ་བ་གདུལ་དཀའ་བ་རྣམས་ལ་དམ་པའི་ཆོས་བསྟན་ནས་ཐེག་པ་གསུམ་གྱི་ལམ་རྣམ་པར་དག་པ་ལ་འགོད་པར་གྱུར་ཅིག ཅེས་སྨོན་ལམ་བཏབ་པས་སྐྱེ་བ་མང་པོར་མཐའ་འཁོབ་ཀྱི་རྒྱལ་པོ་སོགས་སུ་སྐྱེས་ནས་འགྲོ་བ་གདུལ་དཀའ་བ་མང་པོའི་དོན་དཔག་མེད་བྱས།སྟོན་པ་འདི་འཇིག་རྟེན་དུ་བྱོན་དུས་དགེ་སློང་འདུལ་བ་ཏོག་ཅེས་བྱ་བའི་སྡེ་སྣོད་གསུམ་ལ་མཁས་པ་ཞིག་ཏུ་སྐྱེས། དེ་ནས་བཟུང་སྟེ་པཎྜི་ཏ་དང་རབ་ཏུ་བྱུང་བ་དང་དགེ་སློང་ཐེག་པ་གསུམ་ལ་མཁས་པ་ཤ་སྟག་ཏུ་སྐྱེས་ཞིང༌། དེའི་དུས་དཀའ་བཞི་བ་དང་དཔོན་སློབ་ཏུ་གྱུར་ཅིང་འབྲེལ། དེ་ནས་སུམ་ཅུ་རྩ་གསུམ་དུ་ལྷའི་བུ་ཞི་བའི་ཏོག་ཅེས་བྱ་བར་སྐྱེས། དེ་ནས་འདིར་སྐྱེས་པ་ཡིན། འདིར་ཡང་སྔོན་གྱི་འབྲེལ་བས་དཀའ་བཞི་བ་དང་དཔོན་སློབ་ཏུ་གྱུར་ཏེ་བླ་ན་མེད་པའི་དད་པ་བརྟན་པོ་ཐོབ། བྱང་ཆུབ་ཀྱི་སེམས་ལ་བརྟེན་ནས་མངོན་རྟོགས་ཁྱད་པར་ཅན་སྐྱེས། མདོ་སྔགས་རྣམ་དག་གི་སྒོ་ནས་བསྟན་པ་ལ་ཕན་པ་རྒྱ་ཆེན་པོ་འབྱུང༌། མི་གཡོ་བ་དཀར་པོ་སྐྱེ་བ་མང་པོའི་ཡི་དམ་ཡིན་པས་འདིར་ཡང་རྗེས་སུ་བཟུང་ཞིང་དངོས་དང་རྨི་ལམ་ཅི་རིགས་སུ་ཞལ་སྟོན། འོད་ཟེར་ཅན་གྱིས་སྐབས་མང་པོར་བར་ཆད་སེལ། སྐྱེ་བ་མང་པོར་དཔལ་ལྡན་འདུས་པ་དང་ཧེ་རུ་ཀས་བྱིན་གྱིས་བརླབས། འཇམ་དཀར་གྱིས་སྐྱེ་བ་གསུམ་དུ་རྗེས་སུ་བཟུང་ནས་བྱིན་གྱིས་བརླབས་ཀྱང་དམ་སེལ་ཅན་ཞིག་ལ་རྗེས་གནང་བྱས་པས་ཅུང་ཟད་འགྲིབས་འདུག དེ་ལ་བཤགས་བསྡམ་གྱིས་ལ་འཇམ་དབྱངས་ཀྱི་བློ་འཕེལ་བའི་གཟུངས་རིན་པོ་ཆེས་བྲིས་པ་བརྒྱ་ཕྲག་གཅིག་འདོན་པ་ལ་ཡོན་བྱིན་ནས་སྨོན་ལམ་བཏབ་ན་གཞན་ཕན་ཆེ། ཚེ་དྲུག་ཅུ་ལྷག་ཙམ་ལས་ཕལ་ཆེར་མི་ཐུབ། དེ་ལའང་བར་ཆད་མང་བར་སྣང་བས།དེ་བཟློག་པའི་ཐབས་རྟ་མགྲིན་ཤྭ་ནའི་བཟླས་སྒྲུབ་དང༌། ཕྱག་བཞི་པའི་བསྙེན་པ་ཁྲི་ཕྲག་རེ་ཞག་རེ་ལ་གྱིས། འདུག་གནས་དཔོན་སློབ་རྣམ་གཉིས་མཉམ་དུ་ཕལ་ཆེར་བསྡད་ན་དགེ་ཕྱོགས་འཕེལ་ཆེ། ཕྱི་མ་མགོན་པོ་མ་ཕམ་པའི་ཆོས་ཀྱི་མདུན་སར་རྒྱལ་སྲས་ཞི་བའི་སྙིང་པོ་བྱ་བར་སྐྱེས་ནས།དཀའ་བཞི་པ་དང་དཔོན་སློབ་གཉིས་མཇལ་ནས་ཐེག་པ་མཆོག་གི་ཆོས་ཀྱི་དགའ་སྟོན་ལ་ལོངས་སྤྱོད་པར་འགྱུར་རོ། །ཞེས་གསུངས་སོ། །

                  དེ་ལྟར་འདུལ་འཛིན་གྲགས་པ་རྒྱལ་མཚན་གྱིས་རྗེ་བདག་ཉིད་ཆེན་པོའི་ལུགས་སྲོལ་བཟང་པོ་ཉམས་པ་མེད་པར་བསྐྱངས་ཏེ་བསྟན་པ་དང་འགྲོ་བའི་དོན་རྒྱ་ཆེར་མཛད་ཅིང༌། འདུལ་བ་འཛིན་པ་ཞེས་མཚན་ཙམ་གྱིས་ཀྱང་བསྟན་པ་ལ་ཕན་པ་ཞིག་མཛད་ནས། སྐུ་ཚེ་འདིའི་དངོས་ཀྱི་གདུལ་བྱ་རྫོགས་པ་ན་དགུང་ལོ་རེ་གསུམ་པ་མེ་ཕོ་འབྲུག་གི་ལོ་ཧོར་ཟླ་ལྔ་པའི་ཚེས་ཉི་ཤུ་ལ་བཙུན་མོ་ཚལ་དུ་ཞིང་གཤེགས་ཏེ། དགའ་ལྡན་ཆོས་ཀྱི་ཕོ་བྲང་དུ་མི་ཕམ་འཇམ་དཔལ་སྙིང་པོའི་ཞབས་དྲུང་དུ་ཕེབས་སོ།། །། 

 

                                                                                                                                 རྩོམ་སྒྲིག་པ། མང་ར་བ།
            གསལ་འདེབས། 
                   རྩོམ་འདིའི་པར་དབང་ངེད་དགེ་ལུགས་པའི་དྲ་བར་གཏོགས་པས་གང་འདོད་དུ་གཞན་དུ་མི་འགོད་པ་དང་། གལ་ཏེ་འགོད་ན་རྩོམ་ཁུངས་དང་སྦྲེལ་ཐག་གསལ་པོར་དགོད་པར་ཞུ།
                    དྲ་བའི་སྦྲེལ་ཐགhttp://www.tb1025.cn


བརྒྱུད་འགོད།