རྗེ་བཙུན་ཆོས་ཀྱི་རྒྱལ་བོ་ཙོང་ཁ་བ་ཆེན་པོའི་རྣམ་ཐར་བཅུ་བ།

ཡོང་ཁུངས།   ངེད་དགེ་ལུགས་པའི་དྲ་བ།     སྤེལ་དུས།  2017-07-19 22:48:06     རྩོམ་པ་པོ།   ཡོངས་འཛིན་ཡེ་ཤེས་རྒྱལ་མཚན།     ཀློག་ཐེངས།  

 229257955929478265.jpg

                   དེའི་དབྱར་ཁ་ཡར་ཀླུངས་ཨ་ཀར་བྲག་ཏུ་བཞུགས་ནས་སྐུ་མཚམས་དམ་པ་མཛད། བཅོམ་ལྡན་འདས་དཔལ་འཁོར་ལོ་བདེ་མཆོག་གི་སྒོམ་བཟླས་དང་ཐུན་བཞིའི་རྣལ་འབྱོར། བདག་འཇུག་ཤིན་ཏུ་མང་བར་མཛད་ཅིང་ནེ་གུ་ཆོས་དྲུག་གི་དམིགས་སྐོར་རྣམས་ཐུགས་ཉམས་སུ་བསྟར་ནས་ལེགས་པར་སྦྱངས་ཏེ་ཞག་རེ་ལ་གཏུམ་མོའི་རླུང་སྦྱོར་ཡང་བརྒྱད་བརྒྱ་རེ་ཙམ་མཛད་དོ་ཞེས་གསུངས་ཞིང་གཏུམ་མོ་ལ་སོགས་པའི་ཐུགས་དམ་གྱི་ཉམས་བཟང་པོ་མང་དུ་འཁྲུངས་སོ། །དེ་ནས་སྟོན་སྐྱིད་ཤོད་དུ་ཕེབས། རྗེ་བཙུན་རེད་མདའ་བའི་ཞལ་སྔ་ནས་ཀྱང་དབུས་སུ་ཆོས་བར་ལ་ཕེབས་པས་དཔོན་སློབ་གཉིས་ཀས་པོ་ཏ་ལར་བཞུགས་ནས་དམ་པའི་ཆོས་ཀྱི་བཀའ་བགྲོ་བ་མང་དུ་མཛད་ཅིང་གདུལ་བྱ་རྣམས་ལའང་ལེགས་པར་བཤད་པའི་སྐྱེས་སྩལ་ནས་རྗེ་བཙུན་པ་སླར་ཡང་གཙང་ལ་བྱོན། རྗེ་བླ་མ་འདི་ཉིད་ཀྱིས་དེའི་དགུན་སྐྱོར་མོ་ལུང་གི་བྲག་ཏུ་བཞུགས་ནས་སྡེ་སྣོད་འཛིན་པ་ཆེན་པོ་དུ་མ་ལ་དུས་འཁོར་དང་ཕར་ཚད་མངོན་པ་སོགས་མང་དུ་གསུངས་སོ། །

                   དེ་ནས་དེའི་དཔྱིད་རྟའི་ལོ་ལ་རྒྱུད་སྡེ་ཆེན་པོ་རྣམས་ཀྱི་བཤད་པ་དང༌། དབང་ལག་ལེན་མན་ངག་དང་བཅས་པ་མཐའ་དག་རྫོགས་པ་ཞིག་རྩད་གཅོད་མཛད་པར་བཞེད་པ་དང༌། བླ་མ་རྗེ་བཙུན་རེད་མདའ་བ་དང་དཔོན་སློབ་གསུང་གླེང་མཛད་པའི་དགོས་པ་འགའ་ཞིག་གི་ཕྱིར་དུ་གཙང་ལ་བྱོན། རོང་གི་སྣུབས་ཆོས་ལུང་དུ་བཞུགས།ཚོགས་པའི་མཁན་པོ་རིན་ཆེན་གྲགས་པ་བཤེས་གཉེན་པ་ལ་བཀའ་ལུང་ཅི་རིགས་པ་གསན། དེ་དུས་རྗེ་འདི་པའི་ཞབས་འབྲིང་ལ་ཡོད་པའི་སྔོ་ཕྱི་དབོན་པོ་བསོད་ནམས་གྲགས་དང༌། མདོ་སྨད་བ་དགེ་བཤེས་ཤེས་རབ་གྲགས་ཞེས་པ་གཉིས་ཀྱིས་བླ་མ་དབུ་མ་བ་བརྩོན་འགྲུས་སེང་གེ་བདེ་མཆོག་སྟེང་ཞེས་པའི་དབེན་གནས་ཞིག་ན་བཞུགས་པའི་དྲུང་དུ་མཇལ་བ་ལ་ཕྱིན་ཆོས་འབྲེལ་ཞུས་གསུང་གླེང་བྱུང་བས། དབུ་མ་པའི་ཞལ་ནས། ངེད་ཁྱེད་ཀྱི་སློབ་དཔོན་པ་དེ་ལ་དབྱངས་ཅན་མའི་རྗེས་གནང་ཞིག་ཞུ་དགོས་གསུངས། དེ་ནས་བླ་མ་དབུ་མ་བ་དང་རྗེ་འདི་པ་ཞལ་འཛོམ་མཛད་དེ། བླ་མ་དབུ་མ་པས་རྗེ་འདི་ལ་དབྱངས་ཅན་མའི་རྗེས་གནང་ཞུས། དེའི་ཚེ་གསུང་གླེང་ཞིབ་ཏུ་མཛད་པས་བླ་མ་དབུ་མ་པ་ཁོང་རང་ལ་མདོ་ཁམས་ན་ཕྱུགས་མ་སྐྱོང་བའི་དུས་ཉིད་ནས་རྗེ་བཙུན་འཇམ་པའི་དབྱངས་ཀྱི་སྐུ་དང་གསུང་གི་སྣང་བ་ནར་མར་འོང་ཚུལ་དང༌། དེ་ལ་སྔ་ཕྱིར་བརྟག་པ་བྱས་ཚུལ་ལ་སོགས་པ་ཞིབ་པར་ཞུས་ནས། ད་དུང་ངེད་འདི་ལ་གཏིང་ནས་ངེས་པ་རྙེད་པ་མེད་པས་བརྟག་དཔྱད་ཡང་དག་ཅིག་ཐུགས་ལ་འདོགས་པར་ཞུ་ད་ལན་ཡང་རྗེ་བཙུན་གྱི་སྐུའི་སྣང་བ་དེའི་གསུང་ནས། རྗེ་ཉིད་ལ་དབྱངས་ཅན་མའི་རྗེས་གནང་ཞུ་བ་ལ་རྒྱུགས་གསུངས་ནས་འོངས་པ་ཡིན། ཞེས་གསུངས་པ་ལ་རྗེ་འདི་པས་དབུ་མའི་ལྟ་བ་སོགས་ཆོས་ཀྱི་གནད་ཟབ་མོ་རྣམས་ཀྱི་དྲི་གཏུགས་མཛད་པ་སོགས་ཀྱི་སྒོ་ནས་ལེགས་པར་བརྟགས་པས་རྟག་ཐུབ་པ་འདུག་པས་ཐུགས་ཡིད་གཉིས་ཟ་དགོས་པར་མི་གདའ།གསོལ་བ་དྲག་ཏུ་ཐོབ་མཛོད། འོན་ཀྱང་རྗེ་བཙུན་གྱི་སྐུ་དང་གསུང་རང་མཚན་པ་ད་ལྟ་དབང་ཤེས་ལ་སྣང་བ་མིན། ཡི་དམ་གྱི་སྐུ་དངོས་ཀྱིས་གཏད་པའི་རྣམ་པ་ཡེ་ཤེས་ལ་དངོས་སུ་སྣང་བ་ཞིག་ཡིན། ངེད་ཀྱང་འཇམ་པའི་དབྱངས་ཀྱི་སྒྲུབ་སྐོར་མན་ངག་སོགས་འདི་ཕྱོགས་ལ་ཤེས་འདོད་ཆེ་བར་ཡོད་པས་ཞུ་དགོས་ནའང་ད་ལན་རྗེ་བཙུན་རེད་མདའ་བའི་དྲུང་ནས་སྟག་ཚང་དུ་འབྱོན་པ་དང་དཔོན་སློབ་དུས་ངེས་མཛད་པའི་མཇལ་ཕྲད་དགོས་པར་ཡོད་པ་སོགས་ཀྱིས་བྲེལ་ནས་མི་འགྲུབ་འདུག རྗེས་སུ་རྟེན་འབྲེལ་ཞིག་ཅེས་ཀྱང་སྒྲིག་འཚལ་ཞེས་གསུངས་ནས་སྟག་ཚང་རྫོང་ཁར་བྱོན། མཁན་ཆེན་ལོ་ཙཱ་བ་གྲགས་པ་རྒྱལ་མཚན་བ་དང༌། རྗེ་བཙུན་དམ་པ་རེད་མདའ་བ་དང༌། བླ་མ་ལོ་ཙཱ་བ་དོན་བཟང་བ་དང༌། རྗེའི་ཞལ་སྔ་ནས་དང༌། དེ་དག་གི་ཞབས་འབྲིང་དུ་ལྷགས་པའི་བཤེས་གཉེན་སྡེ་སྣོད་འཛིན་པ་ཕུན་སུམ་ཚོགས་པ་དུ་མ་དང༌། གཉུག་མར་གནས་པའི་དགེ་འདུན་གྱི་ཚོགས་དང་བཅས་པའི་ཡུལ་མཆོག་ཏུ་གྱུར་པ་གདན་མངོན་པར་འཛོམ་པ་ཐམས་ཅད་ཀྱི་ཉེ་བར་མཁོ་བའི་འཚོགས་ཆས།ཞལ་ཟས་དང་གནས་མལ་ལ་སོགས་པ་ཕུན་སུམ་ཚོགས་པའི་མཐིལ་ལེན་གྱི་ཐུགས་ཁུར་རྒྱ་ཆེན་པོ་དག་རྒྱལ་སྲས་འདུལ་བ་འཛིན་པ་ཆེན་པོ་གཞུང་ལུགས་རབ་འབྱམས་ལ་མཁྱེན་པ་རྒྱས་ཤིང༌། གཅིག་ཏུ་བསྟན་པ་རིན་པོ་ཆེའི་ཁུར་འཁྱེར་བ་ལ་མི་མཉམ་པའི་བརྟུལ་ཞུགས་ཅན་ཆོས་རྗེ་ལོ་ཙཱ་བ་སྐྱབས་མཆོག་དཔལ་བཟང་པོས་བཞེས་སོ། །

                    དེའི་ཚེ་རིན་པོ་ཆེ་གྲགས་པ་རྒྱལ་མཚན་པས་ཕར་ཕྱིན་དང༌། ཆོས་རྗེ་སྐྱབས་མཆོག་པས་བརྟག་གཉིས་གསུངས་ཤིང༌། རྗེ་བཙུན་དམ་པ་རེད་མདའ་བའི་ཞལ་སྔ་ནས། ཁོང་རང་གིས་མཛད་པའི་རྣམ་འགྲེལ་རྒྱན་གྱི་འགྲེལ་བཤད་ཆེན་མོ་དེ་གསུངས་པ་རྗེ་འདིས་གསན་ཞིང༌། དཔོན་སློབ་གཉིས་ཀྱིས་དཀའ་བའི་གནས་གཏན་ལ་འབེབས་པའི་རིགས་པའི་བརྒལ་བརྟག་ཀྱང་མང་དུ་མཛད། དེ་ནས་དཔོན་སློབ་གཉིས་ཀྱིས་འབའ་འུ་འབའ་གཉེར་དུ་ཆོས་བར་བཏེག་ནས་བྱོན། རྗེ་རིན་པོ་ཆེ་འདིས་བླ་མ་རྗེ་བཙུན་རེད་མདའ་བའི་ཞལ་སྔ་ནས་ལ་རྒྱུད་ཀྱི་རྒྱལ་པོ་དཔལ་གསང་བ་འདུས་པའི་རྩ་རྒྱུད་ཀྱི་བཤད་པ་ཚར་གཅིག་གསན། དེའི་ཚེ་གོང་གསུམ་བདེ་ཆེན་པའི་བླ་མ་རིན་པོ་ཆེ་ཆོས་ཀྱི་དཔལ་བའི་དྲུང་དུ་དུས་འཁོར་ཞིག་གསན་དགོས་དགོངས་པ་བྱུང་བའི་ནུབ་ཅིག་མནལ་ལམ་དུ།ཆོས་ཀྱི་དཔལ་གྱིས་བུ་སྟོན་རིན་པོ་ཆེ་ལ་དུས་འཁོར་འགྲེལ་ཆེན་ཚར་བཅུ་བདུན་ཉན་པ་ཡིན་ནོ་ཟེར་བ་ཞིག་བྱུང༌། ཕྱིས་ཁོང་དང་མཇལ་དུས་རིན་པོ་ཆེས་བུ་སྟོན་གྱི་དྲུང་དུ་དུས་འཁོར་ཚར་དུ་གསན་པ་ལགས་ཞུས་པས།བཅུ་བདུན་ཉན་ཞེས་གསུངས་སོ། །

                    དེ་དུས་རྗེ་བཙུན་རེད་མདའ་བའི་ཞལ་ནས། སྔགས་ཀྱི་རྩད་གཅོད་དེ་ཙམ་མཛད་པ་ལ་ཡུན་རིང་འགྱང༌། ད་ལྟ་སྡེ་སྣོད་ཀྱི་བཤད་པས་ཕན་ཐོགས་རྒྱ་ཆེན་པོ་འོང་གིན་འདུག་པས་རེ་ཞིག་བཤད་པ་མཛད་པ་མི་འཐད་དམ་ཞེས་གསུངས་པ་ལ། བདག་སྔགས་ཀྱི་ཕྱོགས་ལ་འདུན་པ་དྲག་པོ་བདོག་པས་སྔོན་ལ་སྔགས་ཕྱོགས་ཀྱི་རྩད་གཅོད་བགྱིད་པ་ལགས་ཞེས་གསུངས། དེ་ཡང་རྗེ་རིན་པོ་ཆེ་འདིའི་ཞལ་ནས་ངེད་སྔགས་ཀྱི་ཕྱོགས་ལ་གཞན་གྱིས་བསྐུལ་དགོས་པ་མེད། ཆུང་ངུ་ནས་འདི་ལ་ཤེས་འདོད་དྲག་པོ་ཡོད་ཅིང༌། དེ་ཡང་རྒྱུད་སྡེ་མཐའ་དག་ཡོངས་སུ་རྫོགས་པར་བསླབ་དགོས་སྙམ་པ་ཞིག་དང་པོ་ནས་ཡོད་ཅེས་གསུངས་སོ། །དེ་ནས་བླ་མ་རྗེ་བཙུན་པས་ས་སྐྱ་ལ་ཕྱག་བཏེག རྗེ་འདི་པས་རོང་ཆོས་ལུང་དུ་བྱོན། བླ་མ་དབུ་མ་པ་དང་ཆོས་ཀྱི་གསུང་གླེང་མང་དུ་མཛད། རྗེ་བཙུན་འཇམ་པའི་དབྱངས་ཀྱི་ཆོས་སྐོར་ཡང་མང་དུ་གསན། བླ་མ་དབུ་མ་པས་ཀྱང་རྗེ་རིན་པོ་ཆེ་འདི་ཉིད་ལ་དབུ་མ་ལ་འཇུག་པའི་རང་འགྲེལ་སོགས་ཆོས་བཀའ་ཅི་རིགས་གསན་པར་མཛད་དོ། །

                    རྗེ་རིན་པོ་ཆེ་འདི་པས་སྟོན་གྱི་རིང་རོང་གི་རི་ལུང་ཕུག་ཏུ་ཐུགས་དམ་ལ་བཞུགས། སྟོན་གཞུག་མྱང་སྟོད་སྨད་ཀྱི་མཚམས་གོང་གསུམ་བདེ་ཆེན་དུ་ཕེབས་ནས།ཐམས་ཅད་མཁྱེན་པ་བུ་སྟོན་རིན་པོ་ཆེའི་བུ་ཆེན་རྣམས་ཀྱི་ནང་ནས་དུས་ཀྱི་འཁོར་ལོ་ལ་མཁས་པའི་མཆོག་ཏུ་གྱུར་པ། གཞན་ཡང་སྔགས་ཀྱི་གཞུང་དང་ལག་ལེན་མན་ངག་སོགས་མཐའ་ཡས་པ་ལ་མངའ་འབྱོར་པའི་རིན་པོ་ཆེ་ཆོས་ཀྱི་དཔལ་པའི་དྲུང་དུ་མཇལ། ཐོག་མར་མཇལ་བའི་དགོངས་མོ་དེ་ཕྱག་ཕྱིས་དར་སེར་པོ་ཞིག་ཕུལ། སང་ཉིན་ཇ་ཞལ་ཞིག་མཛད་དེ་གོས་ནེ་ཙོ་ཁ་ཡུག་གཅིག་ཕུལ་ནས་དུས་ཀྱི་འཁོར་ལོའི་འགྲེལ་ཆེན་ཆ་ལག་དང་བཅས་པ་གསུངས་པར་ཞུས། དེ་དུས་ཀྱང་འགྲེལ་ཆེན་གསུང་བའི་ལེའུ་དང་པོ་རྫོགས་པའི་མཚམས་ལ་འདུག་པས། ཁོང་གི་ཞལ་ནས། མདང་གི་དར་སེར་པོ་དེ་སའི་ཁམས་སྡུད་རིམ་དང་མཐུན་པས་རྫོགས་རིམ་ཡོངས་སུ་རྫོགས་པར་འོང་བ་འདུག ད་ནངས་ཀྱི་གོས་ཡུག་འདི་ལྗང་ཁུ་ནམ་མཁའི་ཁམས་ཡིན་བསྐྱེད་རིམ་དང་མཐུན་པས་བསྐྱེད་རིམ་ཡོངས་སུ་རྫོགས་པར་འོང་བར་འདུག ཆོས་མཚམས་ལེའུ་གཉིས་པའི་འགོ །གང་ཞིག་ཆེན་པོའི་མི་རྣམས་སྨིན་པར་བྱ་བའི་དོན་དུ། ཞེས་པའི་སྐབས་ལ་སླེབ་བྱུང་བས་རྟེན་འབྲེལ་ཤིན་ཏུ་ལེགས། ཆོས་ཐམས་ཅད་ཡོངས་སུ་རྫོགས་པར་བྱེད་དགོས། ཞེས་དགྱེས་བཞིན་དུ་ཞལ་གྱིས་བཞེས། ལེའུ་དེ་ནས་དབུ་བཙུགས་ཏེ་གསུངས་ཤིང༌། སླར་ཡང་ལེའུ་དང་པོའི་འགོ་ནས་སྐྱར་ཏེ་གསུངས། སྟོན་གཞུག་དེ་ནས་དཔྱིད་སྔ་མ་མ་རྫོགས་རིང་ལ་བཞུགས་ནས་རྒྱུད་འགྲེལ་གྱི་བཤད་པ་ཕྱག་ལེན་གྱི་མཛུབ་ཁྲིད། སྦྱོར་དྲུག་གི་ཉམས་ཁྲིད་སོགས་རྫོགས་པར་གསན་ནོ། །

                                                                                                                                                               རྩོམ་སྒྲིག་པ། མང་ར་བ།
            གསལ་འདེབས། 
                   རྩོམ་འདིའི་པར་དབང་ངེད་དགེ་ལུགས་པའི་དྲ་བར་གཏོགས་པས་གང་འདོད་དུ་གཞན་དུ་མི་འགོད་པ་དང་། གལ་ཏེ་འགོད་ན་རྩོམ་ཁུངས་དང་སྦྲེལ་ཐག་གསལ་པོར་དགོད་པར་ཞུ།
                    དྲ་བའི་སྦྲེལ་ཐགhttp://www.tb1025.cn

བརྒྱུད་འགོད།