མཁན་ཆེན་སེང་གེ་བཟང་པོའི་རྣམ་ཐར།

ཡོང་ཁུངས།   ངེད་དགེ་ལུགས་པའི་དྲ་བ།     སྤེལ་དུས།  2017-06-28 21:26:26     རྩོམ་པ་པོ།   ཡོངས་འཛིན་ཡེ་ཤེས་རྒྱལ་མཚན།     ཀློག་ཐེངས།  

550010189023728334.jpg

               འཇིག་རྟེན་ཆོས་བརྒྱད་སྤངས་པའི་སེང་གེ་བཟང༌། ཞེས་བསྔགས་པ། མཁན་ཆེན་སེང་གེ་བཟང་པོ་ནི་ཤུད་ཕུ་བའི་བརྒྱུད་དུ་མཁན་ཆེན་ནམ་མཁའ་རྒྱལ་པོའི་དབོན་སྲས་སུ་འཁྲུངས། སྔོན་གྱི་བག་ཆགས་བཟང་པོའི་མཐུས་དགུང་ལོ་བདུན་ལོན་དུས་འདོད་པའི་ཡོན་ཏན་གང་ལའང་མ་ཆགས་པར་སུས་ཀྱང་མཐོང་ཚོར་མེད་པར་ཕུག་པ་ཞིག་ཏུ་ཕེབས་ཏེ། ཁམས་ཟས་རགས་པ་ལ་མི་བལྟོས་པར་རྡེའུ་གསོལ་ནས་བསྒྲུབ་པ་ཁོ་ན་མཛད་པས་ལྷག་པའི་ལྷ་མང་པོས་བྱིན་གྱིས་བརླབས་ཤིང་ཉམས་རྟོགས་ཁྱད་པར་ཅན་སྐྱེས།དགུང་ལོ་ཉི་ཤུ་རྩ་བརྒྱད་པ་ལ་མཁན་ཆེན་ནམ་མཁའ་རྒྱལ་པོའི་དྲུང་དུ་རབ་ཏུ་བྱུང་སྟེ་འདུལ་བའི་ཀུན་སྤྱོད་རྣམས་ལེགས་པར་བསླབས། ཞང་ཡེ་ཤེས་མཛེས་ཀྱི་དྲུང་དུ་འདུལ་བ་མདོ་རྩ་བ་ལ་ཐུགས་སྦྱོང་མཛད། དེ་ནས་མཁན་ཆེན་ནམ་མཁའ་རྒྱལ་པོའི་དྲུང་དུ་བྱང་ཆུབ་ལམ་གྱི་རིམ་པའི་ཁྲིད་གསན་ནས་ཐུགས་ཉམས་སུ་བཞེས་ཏེ་གདེང་ཐོབ་པར་མཛད། མཁན་ཆེན་ནམ་མཁའ་རྒྱལ་པོ་ཞིང་གཤེགས་ནས་གདན་སར་ཕེབས་ཏེ་གཞི་གསུམ་གྱི་ཕྱག་ལེན་སོགས་འདུལ་བའི་བསླབ་བྱ་ཕྲ་རགས་ཐམས་ཅད་ལ་དག་ཐེར་མཛད། གླ་བོ་དགོན་གསར་གྱི་ཆོས་སྡེ་གསར་དུ་བཙུགས། འདུལ་འཛིན་མཚོ་སྣ་བ་ཆེན་པོ་སྤྱན་དྲངས། དགེ་འདུན་མང་དུ་ཚོགས་པ་ལ་ཆོས་འཁོར་བསྐོར་བ་སོགས་བསྟན་པའི་བྱ་བ་རྒྱ་ཆེར་མཛད་དོ། །བདག་ཉིད་ཆེན་པོ་འདིས་འདོད་ཡོན་ལ་ཆགས་པ་སྤངས་ཏེ། དཀའ་ཐུབ་ཀྱི་སྒོ་ནས་བསྒྲུབ་པ་རྒྱུན་རིང་དུ་མཛད་པས་ཉམས་རྟོགས་ཁྱད་པར་ཅན་བརྙེས་པས་ན་རྗེ་ཐམས་ཅད་མཁྱེན་པས་ཀྱང༌། འཇིག་རྟེན་ཆོས་བརྒྱད་སྤངས་པའི་སེང་གེ་བཟང༌། །ཞེས་བསྔགས་སོ། །

              དེ་ལྟར་བསྟན་པ་ལ་བྱ་བ་རྒྱ་ཆེར་མཛད་ནས་སྐུའི་བཀོད་པ་བསྡུ་བའི་ཚེ་ལྕང་ལོ་ཅན་དུ་འགྲོ་གསུངས་ནས་ཞིང་གཤེགས་ཏེ།དེའི་ཚེ་མེ་ཏོག་སྔོན་པོའི་ཆར་བབས་པ་སོགས་ངོ་མཚར་བའི་ལྟས་བྱུང་ངོ༌། །བདག་ཉིད་ཆེན་པོ་འདིས་སྐལ་བ་དང་ལྡན་པ་མང་པོ་ལ་ལམ་རིམ་གྱི་ཁྲིད་གནང་བས་སློབ་མ་མང་དུ་བྱུང་ཡང་རྒྱུད་འཛིན་གྱི་གཙོ་བོ་ནི་མཁན་ཆེན་རྒྱལ་སྲས་བཟང་པོའོ། །དེས་ན་བྱང་ཆུབ་ལམ་གྱི་རིམ་པ་ལ་བློ་སྦྱོང་བར་འདོད་པ་རྣམས་ཀྱིས་མཁན་ཆེན་སེང་གེ་བཟང་པོ་ལ་གསོལ་བ་འདེབས་ཤིང་དམ་པ་འདིའི་རྣམ་ཐར་ལྟར་འདོད་ཡོན་ལ་ཆགས་པའི་དབང་དུ་མ་སོང་བར་སྦྱངས་པའི་ཡོན་ཏན་ལ་གནས་ན་བྱང་ཆུབ་ལམ་གྱི་རིམ་པ་སྒོམ་པ་ལ་བརྩོན་པ་ལྷུར་བྱའོ།། །།

                                                                                                                                                                                                                                            རྩོམ་སྒྲིག་པ། མང་ར་བ།
              གསལ་འདེབས། 
                       རྩོམ་འདིའི་པར་དབང་ངེད་དགེ་ལུགས་པའི་དྲ་བར་གཏོགས་པས་གང་འདོད་དུ་གཞན་དུ་མི་འགོད་པ་དང་། གལ་ཏེ་འགོད་ན་རྩོམ་ཁུངས་དང་སྦྲེལ་ཐག་གསལ་པོར་དགོད་པར་ཞུ།
                       དྲ་བའི་སྦྲེལ་ཐགhttp://www.tb1025.cn

བརྒྱུད་འགོད།