མཁན་ཆེན་ནམ་མཁའ་རྒྱལ་པོའི་རྣམ་ཐར།

ཡོང་ཁུངས།   ངེད་དགེ་ལུགས་པའི་དྲ་བ།     སྤེལ་དུས།  2017-06-25 15:34:16     རྩོམ་པ་པོ།   ཡོངས་འཛིན་ཡེ་ཤེས་རྒྱལ་མཚན།     ཀློག་ཐེངས།  

  77996044631369659.jpg

                  དམ་པས་བྱིན་བརླབས་ནམ་མཁའ་རྒྱལ་པོ་དང༌། ཞེས་བསྔགས་པ། མཁན་ཆེན་ནམ་མཁའ་རྒྱལ་པོ་ནི་ཤུད་ཕུ་བའི་རིགས་སུ་མཁན་ཆེན་ནམ་མཁའ་སེང་གེའི་གཅུང་པོའི་སྲས་སུ་འཁྲུངས། གཞོན་ནུའི་དུས་ནས་རིགས་རྒྱུད་དང་ཁྱིམ་གྱི་ལོངས་སྤྱོད་གང་ལའང་མ་ཆགས་པར་ཁུ་བོ་མཁན་ཆེན་ནམ་མཁའ་སེང་གེའི་དྲུང་དུ་རབ་ཏུ་བྱུང་སྟེ་འདུལ་བའི་ཀུན་སྤྱོད་རྣམས་ལེགས་པར་བསླབས། མཁན་ཆེན་མཚོ་སྣ་བ་དང༌། མོན་གྲ་བ་སོགས་དགེ་བའི་བཤེས་གཉེན་མང་པོའི་ཞབས་ལ་གཏུགས་ཏེ། འདུལ་བ་དང༌། མངོན་པ་མཛོད་དང༌། བྱམས་ཆོས་རྣམས་དང་དབུ་མའི་གཞུང་རྣམས་ལ་སྦྱངས་པ་མཐར་ཕྱིན་པར་མཛད། སངས་རྒྱས་དབོན་སྟོན་གྱི་ཞབས་ལ་གཏུགས་ཏེ་བཀའ་གདམས་གདམས་ངག་པའི་བྱང་ཆུབ་ལམ་གྱི་རིམ་པའི་ཁྲིད་ལེགས་པར་གསན་ཏེ་ཐུགས་ལ་ཆུད་པར་མཛད། སླར་ཡང་ཁུ་བོ་མཁན་ཆེན་ནམ་མཁའ་སེང་གེའི་དྲུང་དུ་བཀའ་གདམས་གཞུང་པའི་བཤད་སྲོལ་ལྟར་གྱི་བྱང་ཆུབ་ལམ་གྱི་རིམ་པའི་ཁྲིད་གསན་ནས་ཐུགས་ཉམས་སུ་བཞེས་ཏེ་མཁན་ཆེན་འདི་ལ་བཀའ་གདམས་གཞུང་པ་དང་གདམས་ངག་པའི་བཤད་སྲོལ་གཉིས་ཀ་མངའ་བས་བརྒྱུད་པའི་ཆུ་བོ་གཉིས་འདྲེས་ཞེས་བསྔགས་སོ། །

                  དེ་ནས་རྗེ་བཙུན་སྒྲོལ་མས་ལྷོ་མོན་ཕྱོགས་སུ་ལམ་གྱི་རིམ་པའི་འཕྲིན་ལས་འཕེལ་བར་ལུང་བསྟན་པ་བཞིན་ལམ་རིམ་གྱི་ཁྲིད་རྒྱ་ཆེར་གནང་བས་བསྟན་འཛིན་མང་དུ་བྱོན་ཞིང་རྒྱུད་འཛིན་གྱི་གཙོ་བོ་ནི་རང་གི་དབོན་སྲས་མཁན་ཆེན་སེང་གེ་བཟང་པོའོ། །བདག་ཉིད་ཆེན་པོ་འདི་ལ་ཐུབ་པ་དམ་ཚིག་གསུམ་བཀོད་དང་རྗེ་བཙུན་སྒྲོལ་མ་དང་མི་གཡོ་བ་དང༌། བདེ་མཆོག་ལ་སོགས་པ་ལྷག་པའི་ལྷ་མང་པོས་ཞལ་བསྟན་ཅིང་གསུང་གི་གནང་བ་སྩལ།ཕྱི་རབས་ཀྱི་གདུལ་བྱ་རྣམས་ཀྱི་དོན་དུ་བསྟན་བཅོས་ཀྱང་མང་དུ་མཛད་དོ། །དེ་ལྟར་བསྟན་འགྲོའི་དོན་རྒྱ་ཆེར་མཛད་ནས་རྗེ་བཙུན་སྒྲོལ་མས་ལུང་བསྟན་པ་ལྟར་སྐུའི་བཀོད་པ་བསྡུས་ནས་བདེ་བ་ཅན་དུ་གཤེགས་སོ། །བདག་ཉིད་ཆེན་པོ་འདི་ལ་འབྲོམ་རིན་པོ་ཆེ་ནས་དགེ་བཤེས་པོ་ཏོ་བ་ལ་བརྒྱུད་པ་དང༌། འབྲོམ་རིན་པོ་ཆེ་ནས་དགེ་བའི་བཤེས་གཉེན་སྤྱན་སྔ་བ་ལ་བརྒྱུད་པའི་མན་ངག་གཉིས་ཀ་མངའ་ཞིང༌།བླ་མ་རྣམས་ཀྱིས་བྱིན་གྱིས་བརླབས་པའི་བཀའ་བབ་ཆེ་བས་ན་རྗེ་ཐམས་ཅད་མཁྱེན་པས་ཀྱང༌། དམ་པས་བྱིན་རླབས་ནམ་མཁའ་རྒྱལ་པོ་ཞེས་བསྔགས་སོ། །དེས་ན་བྱང་ཆུབ་ལམ་གྱི་རིམ་པ་ལ་བློ་སྦྱོང་བར་འདོད་པ་རྣམས་ཀྱིས་མཁན་ཆེན་ནམ་མཁའ་རྒྱལ་པོ་ལ་གསོལ་བ་འདེབས་ཤིང༌དངོས་གྲུབ་ཐམས་ཅད་ཀྱི་རྩ་བ་བླ་མ་དམ་པའི་བྱིན་རླབས་ཐོབ་བར་བྱས་ལ་བྱང་ཆུབ་ལམ་རིམ་སྒོམ་པ་ལ་འབད་པར་བྱའོ།། །།

                                                                                                                                                                                                                                                    རྩོམ་སྒྲིག་པ། མང་ར་བ།
              གསལ་འདེབས། 
                       རྩོམ་འདིའི་པར་དབང་ངེད་དགེ་ལུགས་པའི་དྲ་བར་གཏོགས་པས་གང་འདོད་དུ་གཞན་དུ་མི་འགོད་པ་དང་། གལ་ཏེ་འགོད་ན་རྩོམ་ཁུངས་དང་སྦྲེལ་ཐག་གསལ་པོར་དགོད་པར་ཞུ།
                       དྲ་བའི་སྦྲེལ་ཐགhttp://www.tb1025.cn

 

བརྒྱུད་འགོད།