དགེ་བའི་བཤེས་གཉེན་སངས་རྒྱས་དབོན་སྟོན་གྱི་རྣམ་ཐར་བཞི་བ།

ཡོང་ཁུངས།   ངེད་དགེ་ལུགས་པའི་དྲ་བ།     སྤེལ་དུས།  2017-06-03 22:00:20     རྩོམ་པ་པོ།   ཡོངས་འཛིན་ཡེ་ཤེས་རྒྱལ་མཚན།     ཀློག་ཐེངས།  

58ca1114cb9ad3e361f2bf59af595072_.jpg

              སྐྱིད་ཤོད་དུ་སྐུ་ཁམས་ལྟེམ་པ་ཞིག་གི་དུས་སུ་མགོན་པོ་ཏྲཀ་ཤད་བྱུང་ནས་ང་རིན་ཆེན་སྒང་པའི་དབོན་སྟོན་འདོད་པ་ཡིན་ཟེར་བ་ལ། ངས་ཏིང་ངེ་འཛིན་གྱི་དམིགས་པ་ཞིག་གིས་བཅིངས་པས་འགུལ་མ་ནུས་པར་ད་ཁྱེད་ཀྱི་ཞབས་ཏོག་བྱེད་གཏོར་མ་གཅིག་ཀྱང་ཞུ་ཟེར་བས། དེ་ནས་དམ་ལ་བཏགས་ནས་བཞག་གསུངས། ཞང་ཚལ་པའི་ལྷ་ཆེན་དཔལ་འབར་ལའང་བགེགས་སྐྲོད་དང་རབ་ཏུ་གནས་པ་རི་བོ་མཎྜལ་གྱི་རྩེ་ནས་མཛད་པར་གྲགས། གཞན་ཡང་རྭ་སྒྲེང་དང་བྱ་ཡུལ་གྱི་གཙུག་ལག་ཁང་གི་ཞིག་གསོས་དང་དགེ་འདུན་ལ་འབུལ་ནོད་རྒྱ་ཆེན་པོ་མཛད། དེ་དུས་ཇོ་བོ་འཇམ་དཔལ་རྡོ་རྗེས་འོད་ཟེར་གྱི་སྣ་ལ་ཆོས་གསུངས། རྒྱ་མར་གཙུག་ལག་ཁང་གི་རྟེན་གཙོར་དངུལ་གྱི་གདུང་ཁང་གིས་ཐོག་དྲངས་པའི་སྐུ་གསུང་ཐུགས་ཀྱི་རྟེན་དཔག་ཏུ་མེད་པ་དང་བཅས་པ་ལེགས་པར་མཛད་དོ། །དེ་ལྟར་ལམ་ལ་སྦྱངས་པ་མཐར་ཕྱིན་པར་མཛད་པས་ཕྱིར་མི་ལྡོག་པའི་རྟགས་ཐོབ་སྟེ། ལན་ཅིག་སྒོམ་ཚུལ་གྱིས་འཇམ་དཔལ་རྩ་བའི་རྒྱུད་ནས་སློབ་དཔོན་པ་ལུང་བསྟན་པ་ཞིག་ཞུས་པས། སྔོན་འུ་ཅག་འདུལ་གྲྭ་ན་འདུག་ཙ་ན་སློབ་དཔོན་ཀ་བ་དར་སེང་གི་ཞལ་ནས། མཛོད་སྤུ་འདིའི་ཡོད་ལུགས་ཀྱིས་ཉིད་མདོ་ནས་ལུང་བསྟན་པ་ཞིག་ཡོད་ངེས་གསུངས་པ་ལ། གང་ན་མཆི་ཞུས་ཏེ་དུས་དེང་སང་ནི་ལུང་བསྟན་པའང་དགོས་པའི་ཚོད་དུ་འདུག འུ་ཅག་གིས་ཀྱང་སངས་རྒྱས་དགྱེར་པའི་སྤྱོད་པ་བྱས་པ་ཡིན་གསུངས། འོ་ན་ལུང་བསྟན་པ་ཚོད་ཇི་ཙམ་ནས་མཆི་བ་ལགས་ཞུས་པས། ས་ཐོབ་ནས་འོང་བ་ལགས་གསུངས།

              སློབ་དཔོན་བཟང་མི་བས་སྤྱན་སྔར་བྱོན་པ་ཞིག་ལ། ད་ནང་སངས་རྒྱས་ཐམས་ཅད་ཀྱི་ཐུགས་ཀ་ནས་འོད་ཟེར་དཔག་ཏུ་མེད་པ་འཕྲོས་ནས་རྗེ་བཙུན་མ་ཕྱག་བརྒྱད་སྒྲོལ་མ་ལ་ཕོག སྒྲོལ་མའི་ཐུགས་ཀ་ནས་འོད་ཟེར་དཔག་ཏུ་མེད་པ་འཕྲོས་པས།རང་ལ་ཕོག་ནས་ངའི་སྐུ་ལུས་ཐམས་ཅད་འོད་ཀྱིས་ཁྱབ་པའི་སྣང་བ་བྱུང་གསུངས། དེ་བཟང་མོ་བས་ཁ་ཆེ་པཎ་ཆེན་ལ་ཞུས་པས་པཎ་ཆེན་གྱི་ཞལ་ནས།སངས་རྒྱས་ཐམས་ཅད་ཀྱིས་འོད་ཟེར་གྱིས་དབང་བསྐུར་བ་བྱ་བ་ས་བཅུ་པ་ཐོབ་པའི་རྟགས་ཡིན་གསུངས། དེ་དབོན་སྟོན་ཆེན་པོ་ལ་བླ་མ་པཎ་ཆེན་འདི་སྐད་གསུངས་ཞུས་པས། ངས་མཐོང་ལམ་ཙམ་ལས་མ་ཐོབ་སྙམ་པ་ཡིན་ཏེ་རྟགས་རྣམས་དང་བསྟུན་ན་སྒོམ་ལམ་ཡང་རྫོགས་པའི་རིགས་སུ་སྣང་གསུངས། ལན་ཅིག་ཞུགས་མེ་ལ་བཞུགས་དུས་གཅིག་ལ་སྒོམ་ཚུལ་གྱིས། སློབ་དཔོན་པའི་ཕྱག་ཞབས་ལ་འཁོར་ལོ་རྩིབས་བརྒྱད་གདའ་བ་ལ་མ་ཁྱུད་ཕྱི་མ་འདི་མ་འབྱར་ཙམ་དུ་གདའ་བ་ཇི་ལྟར་ལགས་ཞུས་པས། གསལ་ལ་རྫོགས་པ་སངས་རྒྱས་ཀྱི་མཚན་ཡིན་འཁོར་ལོས་སྒྱུར་བའི་རྒྱལ་པོ་དང༌། ས་ལ་གནས་པའི་བྱང་ཆུབ་སེམས་དཔའ་གཉིས་ལ་འདི་བཞིན་དུ་བག་མ་རྫོགས་ཙམ་འོང་བ་ཡིན་གསུངས། སྨིན་མཚམས་ན་མཛོད་སྤུ་འཐེན་ན་སོར་བཞི་ཡོད་པ། བཞག་ན་གཡས་སུ་འཁྱིལ་བ། ཞབས་མཐིལ་ལ་བཀྲ་ཤིས་རྟགས་བརྒྱད་ཀྱི་རི་མོ། ཕྱག་ལ་ཀ་ཁ་སུམ་ཅུའི་རི་མོ་ཡོད་པ་ཐམས་ཅད་ལ་མཐུན་སྣང་དུ་ཡོད།

              སྐུ་ཁམས་ལྟེམ་པ་ཞིག་ལ་བཟང་མོ་བས་མནལ་བསྲུངས་པས། དེའི་དུས་སུ་སློབ་དཔོན་པས་ཡི་དམ་གྱི་ལྷ་ཇི་ཙམ་ཞིག་ཞལ་གཟིགས།ཐུགས་དམ་གྱི་མཐིལ་གང་ལ་མཛད་གསུངས་པར་ཞུ་ཞུས་པས། ངས་ཞལ་བལྟ་བར་འདོད་ན་སྐད་ཅིག་རེ་རེ་ལ་ཡང་སངས་རྒྱས་བྱང་སེམས་ཉི་ཟེར་གྱི་རྡུལ་ཙམ་ལྟར་ཡོད། འོ་སྐོལ་གྱི་བཀའ་བརྒྱུད་འདིའི་དབང་དུ་བྱས་ན་ཡི་དམ་གྱི་ལྷ་ཞལ་གཟིགས་པ་དང༌། མངོན་པར་ཤེས་པ་ཐུགས་དམ་གྱི་གཙོ་བོར་མི་བྱེད། བྱང་ཆུབ་ཀྱི་སེམས་ཀྱིས་ཀུན་ནས་བསླང་བའི་ཟུང་འཇུག་སྒྱུ་མ་ལྟ་བུ་ལ་ཐུགས་དམ་གྱི་མཐིལ་བྱེད་པ་ཡིན་གསུངས་སོ། །སངས་རྒྱས་དབོན་སྟོན་འདི་ནི་ཕྱིར་མི་ལྡོག་པའི་སེམས་དཔའ་ལུང་བསྟན་ཐོབ་པ་ཞིག་ཡིན་པ་ནི་ཁ་ཆེ་པཎ་ཆེན་གྱི་རྣམ་ཐར་ལས་ཤེས་ཏེ། སིང་ག་གླིང་ན་དགྲ་བཅོམ་པ་ཞིག་བཞུགས་པ་དེས་ཁ་ཆེའི་པཎྜི་ཏ་ཤཱཀྱ་ཤྲཱིའི་གཅུང་པོ་ལ་མེ་ཏོག་བཞི་ཟ་མ་ཏོག་ཏུ་བཅུག་ནས། དགྲ་བཅོམ་པ་དེའི་ཞལ་ནས། མེ་ཏོག་འདི་རྣམས་ཁྱོད་ཀྱི་ཕུ་བོ་དེ་བོད་དུ་འགྲོ་བར་སྣང་བས་དེ་ལ་བསྐུར་ལ། གཅིག་འབྲི་ཞེས་བྱ་བའི་ས་ཕྱོགས་ན་སློབ་དཔོན་ཀླུ་སྒྲུབ་བྱང་ཆུབ་སེམས་དཔའ་རིན་ཆེན་དཔལ་ཞེས་བྱ་བར་སྐྱེ་བ་བླངས་ནས་ཡོད་པ་དེ་ལ་སྤྲོད། གཅིག་རཏྣ་ཀུ་ཊི་ཞེས་བྱ་བའི་གཙུག་ལག་ཁང་ན་བྱང་ཆུབ་སེམས་དཔའ་སྐལ་ལྡན་ཤིང་རྟའི་སྐྱེ་བ་ཡོད་པ་དེ་ལ་སྤྲོད། གཅིག་དཱི་བྷ་གི་ཞིག་ཡོད་པ་དེ་ལ་སྤྲོད། གཅིག་དྭི་བྷ་གི་དེས་ལྷ་ཆེན་པོ་ཞིག་བཞེངས་པ་དེའི་ཐུགས་ཀར་ཞོག ཅེས་གསུངས་པ་བཞིན་དུ་ཁ་ཆེའི་པཎྜི་ཏས་ཀྱང་དེ་བཞིན་དུ་སོ་སོར་སྤྲད་དོ། །ཡང་དབོན་སྟོན་རིན་པོ་ཆེས་བསམ་ཡས་སུ་ཆོས་འཁོར་མཛད་པ་ཞིག་གི་དུས་སུ། ཁ་ཆེ་པཎ་ཆེན་གྱིས་དེ་རིང་བསྐལ་བཟང་སངས་རྒྱས་སྟོང་གི་ཡ་གྱལ་སྐལ་ལྡན་ཤིང་རྟ་བྱ་བ་མཇལ་དགོས་པར་འདུག་གི་དགེ་སྦྱོར་གྱི་ཐུན་མྱུར་དུ་གྱིས་ཤིག་བྱ་བའི་སྒྲ་ཞིག་ཐོས། དེའི་རྗེས་དེ་མ་ཐག་ཏུ་རིན་ཆེན་སྒང་པ་མཇལ་ཁ་ཞུ་བར་སླེབས་ཞེས་འབྱུང་ངོ༌། །དེ་ལྟར་འགྲོ་བའི་མགོན་པོ་དབོན་སྟོན་རིན་པོ་ཆེས་དགུང་ལོ་བདུན་ཅུ་རྩ་གསུམ་ཚུན་ཆད་དུ་སངས་རྒྱས་ཀྱི་བསྟན་པ་རིན་པོ་ཆེ་ལེགས་པར་བསྐྱངས་དབུ་རུ་བྱང་ཕྱོགས་ཀྱི་བཀའ་གདམས་ཀྱི་བསྟན་པའི་བདག་པོ་མཛད།

              དགེ་བཤེས་སྟོན་པའི་དགོངས་པ་བསྒྲུབས། བསམ་གྱིས་མི་ཁྱབ་པའི་འཕྲིན་ལས་ཀྱི་མཛད་པ་དུ་མས་འགྲོ་བ་རང་རང་གི་མོས་པ་མཐའ་དག་ཚིམ་པར་མཛད་ནས། སྙིགས་མའི་སེམས་ཅན་ལ་ཐུགས་སྐྱོ་བ་མི་མངའ་ཡང་འཕྲིན་ལས་ཀྱི་ཐ་མ་དེ་ཉིད་ཀྱིས་སེམས་ཅན་གྱི་དོན་དུ་འགྱུར་བ་དང༌། ཞིང་ཁམས་གཞན་དག་ཏུ་འགྲོ་བའི་དོན་རླབས་ཆེ་བར་དགོངས་ནས། གནམ་ལོ་རྟའི་ལོ་འགོ་ནས་སློབ་དཔོན་ནཱ་ག་བོ་དྷི་འདི་སྐད་གསུངས། དགེ་བཤེས་ཆེན་པོ་འདི་སྐད་གསུངས། ད་ནི་ཞིང་ཁམས་གཞན་ཞིག་ཏུ་བྱེད་དགོས་པ་འདྲ། ཞེས་བྱ་བ་ལ་སོགས་པ་སྐྱོ་བ་བསྐྱེད་པའི་ཆོས་མང་དུ་གསུངས། དབྱར་ཚུལ་ནང་དུའང་ལན་ཅིག་འདི་སྐད་གསུངས། འུ་ཅག་དགེ་བཤེས་ཆེན་པོའི་དགུང་ལོའི་ཚད་ཙམ་དུ་སྡོད་སེམས་པ་ཡིན་ཏེ་ད་ཚོད་རན་པ་འདྲ། འུ་ཅག་ལྟ་བུ་མེད་ན་དབུ་རུ་བྱང་ཕྱོགས་ཀྱི་བསྟན་པ་ལ་ཁའི་ན་བུན་བཞིན་དུ་ཡལ་ནས་འགྲོ་བ་འདི་ལ་བག་ཚེར་ཙམ་དུ་སྣང༌། གཞན་ཚེར་བ་མེད་གསུངས།

              དེ་ནས་ལྕགས་ཕོ་རྟའི་ལོ་དགུན་ཟླ་འབྲིང་པོ་མགོ་ཟླ་བའི་ཚེས་གཉིས་ཀྱི་དགོངས་མོ་སྤྱན་སྔར་ཕག་ཤེས་རབ་དབང་ཕྱུག་བྱུང་བ་ལ། ཁྱོད་ཀྱིས་སྟོན་མོ་ཇི་ཙམ་ན་བྱེད་གསུངས་པས། ཚེས་བཅུ་གསུམ་ལ་སྒྲུབ་རྩིས་ལགས་ཞུས་པས། འུ་ཅག་ལ་ཡང་དུས་ཐུག་པ་འདྲ་བ་ཡོད་པས་གནངས་ཚེས་བཞིའི་ཉིན་མོ་ཅི་འགྲུབ་གྱིས་གསུངས། དེ་ནས་ཚེས་གསུམ་གྱི་དགོངས་མོ་གཟིམ་ཆུང་དུ་བྱོན་ནས།འུ་ཅག་གི་ལོ་ཉི་ཤུ་རྩ་ལྔ་ལ་འདུལ་བའི་བཤད་པ་བྱས། སུམ་ཅུ་རྩ་གསུམ་ལ་གདན་སར་བཏོན། སུམ་ཅུ་རྩ་བཞི་ལ་དགེ་བཤེས་དགྱེར་སྒོམ་པ་ཆེན་པོ་བདེ་བར་གཤེགས། སུམ་ཅུ་རྩ་ལྔའི་ངོ་ལ་བཀའ་གདམས་ཀྱི་བཤད་པ་བྱས་ནས་ཉི་མ་དེ་རིང་ཕན་ཆད་ལ་ཅི་བཟོད་བྱས་པ་ཡིན། དགེ་བཤེས་ཆེན་པོའི་ཐུགས་དགོངས་ཀྱང་མ་ལུས་པར་བསྐངས་པ་ཡིན། ད་ནི་རི་བྲག་གམ་དབེན་པ་ཞིག་ཏུ་སྙེག་སྙིང་འདོད། དགེ་བཤེས་ཆེན་པོ་དེ་འདའ་བའི་དུས་སུ་བསྙུན་ནད་ལ་སོགས་པའི་ཚན་མ་མ་བྱུང༌། འུ་ཅག་ལ་ཡང་མི་འོང༌། སྟོན་པའི་ནད་འདི་ཀུན་འོང་མི་ཐང་བ་ཡིན་ཏེ། དེ་སྔ་ཕན་ཆད་ཡགས་རབ་འོང་དུ་རེ་བ་ཡིན་པ་ལ་དཀྱེལ་ཆེ་བར་སྣང༌། འུ་ཅག་གི་བཀའ་བརྒྱུད་འདི་བྱིན་རླབས་ཆེ་བ་ཡིན་གྱི། ང་དང་དགེ་བཤེས་ཆེན་པོ་གཉིས་དྲན་པར་གྱིས་བྱ་བ་ཞལ་ཆེམས་ཀྱི་ཚུལ་དུ་གསུངས།

              དེ་ནས་གྲལ་ཚེས་བཞིའི་ཉིན་པར་རིན་ཆེན་གྲགས་ཀྱི་དགེ་རྩ་ནས་བཟུང་སྟེ། འབར་རྫོགས་ལ་སོགས་པར་མི་རྟག་པའི་ཆོས་མང་དུ་གསུངས། དེ་ནས་ཉི་མ་མ་རྒས་ཙམ་དེ་ལ་རྒྱ་མར་བྱོན། རྒྱུན་གཏོར་མཛད་པའི་རྗེས་ལ། སྐྱིལ་ཀྲུང་ལམ་མེ་མཛད་ནས་ཚེས་བཞིའི་སྲོད་འཁོར་རྗེས་དེ་ལ་དགོངས་པ་མྱ་ངན་ལས་འདའ་བའི་ཚུལ་བསྟན། སློབ་དཔོན་སྟོན་པས་གསོལ་བ་བཏབ་པས་སྐུ་མདངས་དེ་སྔར་བས་ཀྱང་གཟི་བརྗིད་ཆེར་སོང༌། དེ་ནས་ཞག་བཞིའི་བར་དུ་མཆོད་པ་རྒྱས་པར་བྱས། ཞག་ལྔའི་ཉིན་པར་ཚོགས་པ་ལ་སྤུར་གྱི་ཞལ་བསྟན། ཞག་དྲུག་གི་ཉིན་པར་གདུང་གི་ཞབས་ཏོག་བྱས། ཞག་བདུན་གྱི་དགོངས་མོ་མཆོད་ཁང་ཆེན་མོའི་རྔ་ཁང་དུ་སྐུ་གདུང་གདན་དྲངས་ཏེ་དད་ལྡན་ཐམས་ཅད་ཀྱིས་མཆོད་པ་རྒྱ་ཆེར་ཕུལ་ཏེ་སྨོན་ལམ་བཏབ་བོ། །

              བདག་ཉིད་ཆེན་པོ་འདི་ལ་སྤྱིར་ཆོས་ཐོབ་པའི་སློབ་མ་བསམ་གྱིས་མི་ཁྱབ་པ་བྱུང་ཞིང་ལམ་རིམ་གྱི་ཁྲིད་སྤེལ་ནུས་པའི་བསྟན་འཛིན་དམ་པའང་མང་དུ་བྱོན་ལ། བཀའ་གདམས་གདམས་ངག་པའི་མན་ངག་ལྟར་གྱི་སྐྱེས་བུ་གསུམ་གྱི་ལམ་གྱི་རིམ་པ་རྒྱ་ཆེར་སྤེལ་བའི་སློབ་མའི་གཙོ་བོ་ནི་ལྷོ་བྲག་མཁན་ཆེན་ནམ་མཁའ་རྒྱལ་པོའོ། །མཁན་ཆེན་ནམ་མཁའ་རྒྱལ་པོས་མཁན་ཆེན་སེང་གེ་བཟང་པོ་ལ་གནང༌། དེས་མཁན་ཆེན་རྒྱལ་སྲས་བཟང་པོ་ལ་གནང༌། དེས་ལྷོ་བྲག་གྲུབ་ཆེན་ནམ་མཁའ་རྒྱལ་མཚན་ལ་གནང་ངོ༌། །དེས་ན་བྱང་ཆུབ་ལམ་གྱི་རིམ་པ་ལ་བློ་སྦྱོང་བར་འདོད་པ་རྣམས་ཀྱིས་སྤྲུལ་པའི་སྐྱེས་མཆོག་སངས་རྒྱས་དབོན་སྟོན་རིན་པོ་ཆེར་གསོལ་བ་འདེབས་ཤིང་བདག་ཉིད་ཆེན་པོ་འདིའི་རྣམ་ཐར་ལྟར་བཤེས་གཉེན་བསྟེན་ཚུལ་ནས་བཟུང༌། ཞི་ལྷག་ཟུང་འབྲེལ་གྱི་བར་སྐྱེས་བུ་གསུམ་གྱི་ལམ་གྱི་རིམ་པ་ལ་སྒོམ་གསུམ་བརྩོན་པ་ཆིག་སྒྲིལ་དུ་བློ་སྦྱངས་ནས་མྱོང་བ་ཐོན་ངེས་ཤིག་བྱ་བ་ལ་འབད་པར་བྱའོ།། །།

                                                                                                                                  རྩོམ་སྒྲིག་པ། མང་ར་བ།
              གསལ་འདེབས། 
                       རྩོམ་འདིའི་པར་དབང་ངེད་དགེ་ལུགས་པའི་དྲ་བར་གཏོགས་པས་གང་འདོད་དུ་གཞན་དུ་མི་འགོད་པ་དང་། གལ་ཏེ་འགོད་ན་རྩོམ་ཁུངས་དང་སྦྲེལ་ཐག་གསལ་པོར་དགོད་པར་ཞུ།
                       དྲ་བའི་སྦྲེལ་ཐགhttp://www.tb1025.cn

བརྒྱུད་འགོད།