དགེ་བའི་བཤེས་གཉེན་སངས་རྒྱས་དབོན་སྟོན་གྱི་རྣམ་ཐར་གསུམ་པ།

ཡོང་ཁུངས།   ངེད་དགེ་ལུགས་པའི་དྲ་བ།     སྤེལ་དུས།  2017-06-03 21:51:05     རྩོམ་པ་པོ།   ཡོངས་འཛིན་ཡེ་ཤེས་རྒྱལ་མཚན།     ཀློག་ཐེངས།  

6a5c2dbfb141d264e1f13ea7b7a34390_.jpg

              ལྷག་མཐོང་གི་དམིགས་སྐོར་ལ་མྱོང་བ་ཐོན་ཏེ། རྟག་ཆད་ཀྱི་མཐའ་གཉིས་དང་བྲལ་བའི་དབུ་མ་ཆེན་པོ་ཐུགས་སུ་ཆུད་པ་ཡིན་ཏེ། ནུབ་ཅིག་རྨི་ལམ་ན་གྱང་རོ་སྟོང་པ་འདྲ་བ་ཞིག་ཏུ་བྱོན་པས། གཅིག་ན་རེ། འདི་འཕགས་པ་ཀླུ་སྒྲུབ་ཀྱི་རེ་ཤུལ་ཡིན། ཁྱོད་ལ་འབུལ་ཟེར་བ་ཞིག་བྱུང་སྟེ། ཀླུ་སྒྲུབ་ཀྱི་ལྟ་བ་དེ་ཇི་ལྟ་བ་བཞིན་དུ་རྟོགས་སམ་སེམས། བདེན་གཉིས་ཀྱི་དགོངས་པ་དེ་ལོན་ནམ་སེམས་གསུངས། སྟོང་པ་རྟེན་འབྲེལ་དུ་ཤར་ཏེ་རྒྱུ་འབྲས་ཀྱི་ཤེས་བྱ་མ་ལུས་པ་མཁྱེན་པ་ཡིན་ཏེ། ཞལ་ནས། རྒྱུ་འབྲས་མ་ལུས་པ་མཁྱེན་པ་སངས་རྒྱས་ཉག་གཅིག་ཡིན། འུ་ཅག་གིས་ཀྱང་རྒྱུ་འབྲས་ཐམས་ཅད་འོལ་ལེ་ཤེས་པར་འདུག་སྟེ། མེ་ལོང་གི་ངོས་ལ་ཤར་བ་བཞིན་སྣང༌། བསྙོན་ཏོལ་གཟུགས་པ་གང་ནའང་མེད་གསུངས།

              རྒྱལ་སྲས་ཀྱི་སྤྱོད་པ་ལ་སློབ་པ་ལ་གདེང་ཐོབ་སྟེ་སེམས་ཅན་རྣམས་ལ་མ་བུ་གཅིག་པ་ལ་བརྩེ་བ་བཞིན་དུ་བྱམས་པར་མཛད། ཁྱད་པར་མི་ཆེན་འོག་ཏུ་ལྷུང་བའམ། འཚེ་ཞིང་སྡིག་པ་གསོག་པ་ལ་ཤིན་ཏུ་བྱམས་ཏེ། གཅང་ཐོག་གི་གནས་བརྟན་བཙུན་ཆུང་ཤད་རིན་ཆེན་སྒང་པ་ལ་སྡིག་བསགས་ན་བཟའ་འོང་ཟེར་ངས་སྡིག་གསོག་པ་ལ་ཟས་ནོར་བྱིན་ཏེ་མི་འགྱོད་གསུངས། ཏིང་ངེ་འཛིན་ཤིན་ཏུ་བརྟན་པའི་སྟོབས་ཀྱིས་རྫུ་འཕྲུལ་གྱི་མངོན་ཤེས་ཐོབ་སྟེ། དགྱེར་སྒོམ་ཤེ་དང༌། དབོན་སྟོན་ཆེན་པོ་གཉིས་འགྲོགས་ནས་གཟིམ་ཆུང་དུ་བྱོན་ཙ་ན་ལྡེ་མིག་མེད་པས་སྒོམ་ཤེས་ལྡེ་མིག་བླངས་ནས་འོང་ཙ་ན་ནང་ན་ཕེབས་འདུག ཡང་ཉེ་གནས་དར་མ་འོད་ཀྱིས་སྐས་ཐོག་ཁར་དྲངས་ནས་ཉི་མ་ལ་བསྡད་ཙ་ན་དབོན་སྟོན་རྒྱ་མཐོངས་ལ་བྱོན་ནས། ཨ་ན་མ་བག་མེད་པའི་སྤྱོད་པ་བྱས་མི་ལ་མ་བཤད་གསུངས། ཡང་རི་ལ་བྱོན་པ་ཞིག་ལ་དབོན་སྟོན་ཤུལ་ན་བཞུགས། འཁོར་རྣམས་ཀྱིས་མར་སྔོན་ལ་འོངས་པས་ལམ་ཁར་ཆར་པ་བཏང་ཙ་ན་དྲིལ་བུ་སིལ་གྱིས་བྱུང་བས་དབོན་སྟོན་གཟིམ་ཆུང་ན་བཞུགས་འདུག ལན་ཅིག་ཀ་གཉིས་མའི་སྐས་དེ་མེད་པ་ཞིག་ལ་རྒྱ་མཐོངས་ཀྱི་ནམ་མཁའ་ལ་སྐས་ལ་གཤེགས་པ་བཞིན་དུ་ཕེབས་པ་རྒྱལ་ཡེས་མཐོང༌། དེ་ལ་སོགས་པ་ས་རྡོ་རི་བྲག་ལ་ཐོགས་རྡུགས་མི་མངའོ། །

              ལྷའི་རྣ་བའི་མངོན་ཤེས་ཐོབ་སྟེ། ངས་ཆེད་དུ་གཏད་ན་འཛམ་བུ་གླིང་གི་ཆེ་བ་འབྲུག་གི་སྒྲ་ནས་ཆུང་བ་ཤིག་སྲོ་ཡན་ཆད་ཀྱི་སྒྲ་ཐོས་པར་འདུག་གསུངས། གཞན་སེམས་ཤེས་པའི་མངོན་ཤེས་ཐོབ་སྟེ་གཞན་གྱི་ཡིད་ལ་དྲན་པ་རྣམས་ཅར་ཕོག་ཏུ་མཁྱེན་ཏེ། བྱ་སར་བཞུགས་པའི་ནུབ་མོ་ཞིག་ད་ལྟ་རིན་ཆེན་སྒང་ན་ལྷོ་པའི་སྒོམ་ཆེན་གསུམ་འུ་ཅག་ལ་ཚོད་འཛིན་བྱེད་ཅིང་མ་མཉེས་པར་འདུག་གསུངས། དེ་རྟིང་དུ་སྒོམ་ཆེན་གསུམ་པོས་ཐོས་པས་འཇིགས་ཆུམ་གྱིས་སོང་ཟེར། ལྷའི་མིག་གི་མངོན་ཤེས་ཐོབ་སྟེ། ངས་མཉམ་པར་བཞག་སྟེ་བལྟས་ན་འཛམ་གླིང་གི་གཟུགས་ཅན་གི་དངོས་པོ་རྣམས་ལ་མི་མཐོང་བ་མེད། ཁྲི་ཁ་ནས་ཤོད་དུ་བལྟ་བ་དང་ཁྱད་མེད་གསུངས། སྒོམ་པ་ཇོ་སྲས་པས་སློབ་དཔོན་གྱིས་བརྟག་པ་མཛད་པ་འདི་ཇི་ལྟ་བུ་ཞིག་གིས་གཟིགས་པ་ལགས་ཞུས་པས།འདི་ནས་ཤར་ཕྱོགས་ཀྱི་འཇིག་རྟེན་གྱི་ཁམས་བལྟ་བར་བྱའོ་སྙམ་དུ་འཕེན་པ་བཏང་ནས་མཉམ་པར་བཞག་པས་ཏིང་ངེ་འཛིན་གསལ་བ་ལ་བརྟེན་ནས་མེ་ལོང་ནང་གི་གཟུགས་བརྙན་ལ་བལྟ་བའི་ཚོད་ཙམ་དུ་མཐོང་བ་ཡིན་གསུངས། སྔོན་གནས་རྗེས་དྲན་གྱི་མངོན་ཤེས་ཐོབ་སྟེ། གཙང་མའི་གནས་ནས་སྐུ་སྐྱེ་བ་འཕོས་པ་དྲན་པ་དང༌། སྐྱེ་བ་ཕྱི་མ་ལ་འཁོར་ལོས་སྒྱུར་བའི་རྒྱལ་པོར་འགྱུར་གསུངས་ཏེ། སྔོན་ཚེ་གནས་གཙང་ལྷ་ནས་འཕོས། །དབུས་སུ་མི་ལུས་གཙང་མ་བླངས། །རྒྱལ་བའི་བསྟན་ལ་རབ་བྱུང་ནས། །ལོ་གསུམ་འདུལ་བའི་སྡེ་སྣོད་བསླབས། །བཅོ་བརྒྱད་སངས་རྒྱས་གཉིས་པ་བསྟེན། །མ་འོངས་འཁོར་ལོས་སྒྱུར་བ་བྱེད། །ཅེས་བྱ་བ་གསུངས། འོ་ན་བྱ་ཡུལ་བ་ཆེན་པོ་ཡིན་པའི་གྲགས་པ་གདའ་བ་ལགས་སམ་ཞུས་པས། བྱ་ཡུལ་གྱི་བག་ཆགས་ཀྱང་མང་བར་འདུག  སྔ་མ་དེ་ཡིན་ཞད་དུ་གདའ་གསུངས།དགེ་བཤེས་དགྱེར་སྒོམ་ཆེན་པོའི་འབུམ་པ་འདི་བཞེངས་ཙ་ན་ང་ལ་འཁོར་ལོས་སྒྱུར་བའི་རྒྱལ་པོར་སྐྱེ་བའི་སྣང་བ་མང་པོ་བྱུང༌། འབུམ་པ་འདི་དེའི་རྒྱུའི་གཙོ་བོ་ཡིན་གསུངས། དེར་འཁོར་ལོ་དེ་གང་དུ་གདའ་ཞུས་པས་གསེར་གྱི་འཁོར་ལོར་སྣང༌། རྒྱལ་སྲིད་རིན་ཆེན་སྣ་བདུན་དང༌། ཉེ་བའི་རིན་པོ་ཆེ་སྣ་བདུན་རྣམས་གདའ་གསུངས། བླ་མའི་བྱིན་རླབས་ཞུགས་པས་དགེ་བཤེས་དགྱེར་སྒོམ་པ་ཆེན་པོའི་ཕྱིའི་གདུང་རྟེན་དང་ནང་གི་གདུང་རྟེན་གཉིས་ལ་སོགས་པའི་མཛད་པ་རླབས་པོ་ཆེ་ཐམས་ཅད་ཇི་ལྟར་བཞེད་པ་བཞིན་གྲུབ།

              ཆུ་ཚན་ལ་གཤེགས་དུས་འཆད་ཁ་བ་ཆེན་པོའི་ཞལ་ནས། ཁྱོད་ཀྱིས་འགྲོ་བ་ལ་ཕན་པའི་རྟགས་ཁྱད་པར་ཅན་ང་ལ་བྱུང་བས་ཐུགས་གོ་ཆ་ཆེན་པོ་མཛད་འཚལ་གསུངས།ཡང་རིན་ཆེན་སྒང་ན་བཞུགས་དུས་ལྷ་མོ་སྐུལ་བྱེད་མ་བྱོན་ནས། རྡོ་རྗེ་སེམས་དཔའ་སེམས་ཅན་གྱི་དོན་ལ་གཤེགས་སུ་གསོལ་ཞེས་གསོལ་བ་བཏབ་པས། དྭགས་པོ་ལྷ་ས་སོགས་གཡོར་པོའི་རྒྱལ་ཁམས་རྣམས་བསྐོར་བས་པོ་ཏི་རང་ལའང་ཉིས་སྟོང་དང་བཞི་བཅུ་རྩ་གཉིས་བྱོན། ཟང་ཟིང་གི་དངོས་པོ་ཟད་པ་མེད་པ་ཞིག་བྱུང༌། དེ་ལ་བརྟེན་ནས་གཙུག་ལག་ཁང་གསར་མ་བཞེངས་པར་བརྩམས། གཙུག་ལག་ཁང་དེ་བྱང་ཕྱོགས་སུ་བརྩམ་པའི་དུས་སུ་གསོལ་བ་ཞིག་བཏབ་པས་རྨི་ལམ་དུ་ནུབ་ཕྱོགས་དེ་ན་ཁྲི་ཞིག་གི་སྟེང་ན་སྤྱན་སྔ་རིན་པོ་ཆེ།གཡས་ན་མགོན་པོ། གཡོན་ན་དཔལ་ལྷ་མོ། ཆོས་སྐྱོང་བའི་སྲུང་མ་ཐམས་ཅད་འཚོགས་ནས་འདུག འདི་བཞིན་མཛད་དགོས་གསུངས་ནས་བསླབ་བྱ་མང་དུ་མཛད་པ་ཞིག་རྨིས། དེ་ནས་ཆུ་ཕོ་སྟག་གི་དཔྱིད་ས་ག་ཟླ་བའི་ཚེས་བཅུ་གསུམ་གྱི་གཟའ་སྤེན་པ་དང་སྐར་མ་སྦོ་ལ་རྨང་བཏིངས་ཏེ་དབུ་རྩེ་ཀ་ཆེན་བཅུ་གཉིས། ཁྱམས་ཆེན་ཀ་བ་དྲུག་ཅུ་རྩ་བཞི། མགོན་ཁང་ཀ་བ་གཉིས་རྣམས་ལོ་སྐོར་གཅིག་གི་ནང་དུ་གྲུབ་པར་མཛད་དོ། །

              དེ་དུས་དཔོན་དར་མ་རྡོ་རྗེ་ནགས་ཤོད་ལ་ཤིང་འདྲེན་དུ་རྫོངས་པའི་ཚེ་གཏོར་ཆེན་ཞིག་མཛད་པས། དཔལ་ལྷ་མོ་དེ་བོང་བུ་ལ་ཆིབས་ནས་མཁའ་འགྲོ་མའི་འཁོར་གྱིས་བསྐོར་བ་ཞལ་གཟིགས། རྒྱས་པའི་འཕྲིན་ལས་ལ་མངའ་བརྙེས་ཏེ་བྱ་སར་རབ་གནས་ལ་གཤེགས་པའི་དུས་སུ་མི་ཀུན་ན་རེ། ན་སོ་གཞོན་དྲགས་པས་རབ་གནས་ཅང་འོང་ངམ་ཟེར་ཏེ། མི་ཚེ་བསྒྲུབ་པ་ལ་བསྐྱལ་བ་རྣམས་དང་འུ་ཅག་གཉིས་གསང་སྔགས་ཀྱི་བཟླས་པ་སྐྱོལ་བ་གང་མང་ཅི་ཆ་གསུངས། དེའི་དུས་སུ་སྟོང་བར་མའི་སེམས་ཅན་ཡིན་ཟེར་བ་མང་པོ་ལ་ལ་འགྲོ་བའི་ཟླ་བོ་མེད་པར་འདུག་པས་ངས་ལ་དེ་ལ་བསྒྲལ། འདི་རྣམས་ཕྱིར་མི་ལྡོག་པར་གྱུར་ཅིག་པའི་སྨོན་ལམ་བཏབ་པ་ཞིག་རྨི་ལམ་དུ་བྱུང༌། སྐྱིད་ཤོད་ན་བཞུགས་པའི་དུས་སུ་བྱ་ཡུལ་གྱི་ལ་ཁ་ཡིན་ནམ་སྙམ་བྱེད་པ་ཞིག་ནས་དུང་དཀར་པོ་ཞིག་བུས་པས་འཛམ་བུའི་གླིང་ཙམ་དུ་ཐོས་པ་ཞིག་རྨིས། འུ་ཅག་གི་མིང་འདི་འཛམ་བུའི་གླིང་ཙམ་དུ་ཐོས་པ་ཞིག་འོང་བར་འདུག་གསུངས།

                                                                                                                           རྩོམ་སྒྲིག་པ། མང་ར་བ།
            གསལ་འདེབས།
                    རྩོམ་འདིའི་པར་དབང་ངེད་དགེ་ལུགས་པའི་དྲ་བར་གཏོགས་པས་གང་འདོད་དུ་གཞན་དུ་མི་འགོད་པ་དང་། གལ་ཏེ་འགོད་ན་རྩོམ་ཁུངས་དང་སྦྲེལ་ཐག་གསལ་པོར་དགོད་པར་ཞུ།
                   དྲ་བའི་སྦྲེལ་ཐགhttp://www.tb1025.cn

བརྒྱུད་འགོད།