དགེ་བའི་བཤེས་གཉེན་སངས་རྒྱས་དབོན་སྟོན་གྱི་རྣམ་ཐར་གཉིས་པ།

ཡོང་ཁུངས།   ངེད་དགེ་ལུགས་པའི་དྲ་བ།     སྤེལ་དུས།  2017-06-03 21:43:24     རྩོམ་པ་པོ།   ཡོངས་འཛིན་ཡེ་ཤེས་རྒྱལ་མཚན།     ཀློག་ཐེངས།  

5eee1dd241b29d41a7105f07b6e872ba_.jpg

              ནུབ་གཅིག་གི་རྨི་ལམ་ན་སློབ་དཔོན་ལྭ་བ་པ་བྱོན་ནས་གསང་སྔགས་ཀྱི་དགོངས་པ་མང་དུ་གསུངས། དེ་དགེ་བཤེས་དགྱེར་སྒོམ་པ་ལ་ཞུས་པས། ཐུགས་དགྱེས་པའི་མཚན་མ་མཛད་ལོ་བཅོ་བརྒྱད་ཀྱི་བར་དུ་དགེ་བཤེས་དགྱེར་སྒོམ་པ་ཆེན་པོ་བསྟེན་ནས་ཆོས་ལ་ནན་ཆགས་སུ་བགྱིས་ཏེ་བསྒྲུབ་པའི་མཆོད་པས་བླ་མ་མཉེས་པར་མཛད་དོ། །དགེ་བཤེས་དགྱེར་སྒོམ་པ་ཆེན་པོ་གཤེགས་པའི་སྤུར་ལ་སངས་རྒྱས་བྱང་སེམས་དཔག་ཏུ་མེད་པས་མཆོད་པ་མཛད་པ་ཞལ་གཟིགས། ཐུགས་ངན་མཛད་པས་དགེ་བཤེས་དགྱེར་སྒོམ་པ་ཉིད་དངོས་སུ་བྱོན་ནས་ང་རྟག་ཏུ་དྲན་པར་གྱིས་གསུངས་པས་ཐུགས་ངན་སངས། འུ་ཅག་ལ་ནི་ནམ་འདོམ་གྱིས་དགེ་བཤེས་དགྱེར་སྒོམ་པ་ཆེན་པོ་དང་མཇལ་ནས་ལུང་ཐམས་ཅད་ཞུ་བ་ཡིན་གསུངས། ལན་ཅིག་ཙ་ན་འུ་ཅག་ལ་ཚེ་རིང་པོ་འོང་ངེས་མེད། གདན་ས་འདི་དགེ་བཤེས་ལྷོ་པ་ལ་གཏད་ལ་རི་ཁྲོད་ཅིག་བྱ་དགོངས་ཙ་ན་དགེ་བཤེས་དགྱེར་སྒོམ་པས་མི་དཀར་པོ་གཅིག་ཁྲིད་ནས། འདི་ལ་གཞན་མི་འཚལ་བར་གདའི། ཚེ་རིང་བ་ཞིག་མཛད་པར་ཞུ་གསུངས་པ་ཞིག་རྨིས། སངས་གསོལ་བ་ཞིག་བཏབ་པས། དགེ་བཤེས་དགྱེར་སྒོམ་པ་རྨི་ལམ་དུ་བྱོན་ནས་ཇོ་བོ་ཐུགས་རྗེ་ཆེན་པོས་སྐུ་ཚེ་རིང་བར་བྱིན་གྱིས་བརླབས་པ་ཡིན་ནོ་གསུངས། གདུང་ཁང་གི་རབ་གནས་མཛད་པའི་ཚེ། སངས་རྒྱས་བྱང་སེམས་ཐམས་ཅད་ཀྱི་ཐུགས་ཀ་ནས་འོད་ཟེར་དཀར་ཤ་ར་ར་བྱུང་བའི་སྣང་བ་བྱུང་གསུངས། བྱ་སའི་རབ་གནས་ཀྱི་སྟ་གོན་གྱི་དུས་སུ་སློབ་དཔོན་ནཱ་ག་བོ་དྷི་དང་མཇལ། སློབ་དཔོན་ནཱ་ག་བོ་དྷི་འདི་ངའི་རྩ་བའི་བླ་མ་ཞིག་ཡིན། གསོལ་བ་བཏབ་ཙ་ན་མི་མཇལ་བ་བྱེད་མ་མྱོང་གསུངས།

              རིན་ཆེན་སྒང་ན་བཞུགཙ་ན་རྨི་ལམ་དུ་ནགས་གསེབ་ཅིག་ན་བྲག་ཕུག་ལེགས་པ་ཞིག་འདུག དེའི་ནང་དུ་བྱོན་ཙ་ན། ཇོ་བོ་ནཱ་རོ་པ་བདུད་རྩི་ཀ་པཱ་ལ་གང་ཐོགས་ནས་འདུག ཁྱེད་འདི་འདོད་དམ་གསུངས།ཞུ་འཚལ་ཞུས་པས། བདུད་རྩི་དེ་ནས་གནང༌། དབང་དང་བྱིན་རླབས་ཀྱང་མཛད་གསུངས། སྐམ་ན་བཞུགས་པའི་ཚེ་དབོན་སྟོན་ཆེན་པོ་རི་ལ་བཞུད། སློབ་དཔོན་བཟང་མོ་བས་ཕྱིར་བྱོན་ཙ་ན་བྲག་སྒང་ཞིག་ན་བཞུགས་འདུག

              དབོན་སྟོན་གྱི་ཞལ་ནས། དེ་ན་མར་རྣལ་འབྱོར་པ་བཟའ་མི་གཉིས་སོང་བ་ཡིན་ཏེ་ཁྱེད་དང་ཨེ་ཕྲད་གསུངས། མ་ཕྲད་ཞུས་པས་འོ་ན་དེ་ཐ་མལ་པར་མི་འདུག་གསུངས། ཅི་འདྲ་ཞིག་གདའ་ཞུས་པས་རས་ཀྱི་ཨང་ཀ་རག་རེ་གྱོན། རྣལ་འབྱོར་མ་དེས་ཁོག་མ་ཞིག་ཁུར་ནས་འདུག ང་ལ་རང་བཞིན་མེད་པའི་ངང་ལས་རྩ་རླུང་གི་འདུ་འཕྲོད་འདྲ་བ་སྒོམས་དང་བདེ་སྟོང་གི་ཉམས་འཕེལ་བ་ཡིན་གསུངས། བྲག་སྔོན་ལ་སྐུ་མཚམས་མཛད་པའི་དུས་སུ་ཀླུ་སྒྲུབ་ཡབ་སྲས་བྱོན་ནས་འགྲོ་བ་གཞན་གྱི་རྣམ་པ་བསྟན་པ་ན་དགེ་སློང་གི་འདུ་ཤེས་ཡོད་པ་ཉིད་ལའོ་བྱ་བ་དེ་ལ་བགྲོ་གླེང་མཛད་པ་ཞིག་གཟིགས། རྭ་སྒྲེང་དུ་བྱོན་པའི་ཚེ་ཇོ་བོའི་ཕྱག་དཔེ་འདི་རྣམས་གཟིགས་དགོངས་ཙ་ན་ཨ་ཏི་ཤ་རྨི་ལམ་དུ་བྱོན་ནས་འདི་འདི་སྐད་བྱ་བ་ཡིན་གསུངས་ནས་ཕྱག་དཔེ་རྣམས་ཅག་གེ་བསྟན། ཡང་དགའ་ལྡན་དུ་མགོན་པོ་བྱམས་པ་དང་མཇལ་ཆོས་ཀྱང་གསན་གསུངས། བཟང་མོའི་དགོན་པ་རྨང་འདིང་ཙ་ན་བྱང་ཆུབ་ཆེན་པོ་གཙོ་འཁོར་གསུམ་ཞལ་གཟིགས། གཞན་ཡང་ཇོ་བོ་མི་གཡོ་བ་དང་སྒྲོལ་མ་དང་གཤིན་རྗེ་གཤེད་དང་རྟ་མགྲིན་ལ་སོགས་པའི་ཞལ་གཟིགས། བཟང་མོར་དེ་དུས་དཔལ་ལྷ་མོ་དཔོན་གཡོག་གསུམ་ཞལ་ཇི་ལྟ་གཟིགས་པ་བཞིན་གཟིམ་ཆུང་བྲག་ལོགས་ལ་རང་བྱུང་དུ་བྱུང༌། ཡང་དེར་ནངས་གཅིག་ཇོ་མོ་སྒྲོལ་མ་ལྷ་མོ་དབྱངས་ཅན་མ་ཀུ་རུ་ཀུལླེ་གསུམ་གྱིས་དབོན་སྟོན་ཆེན་པོ་ལ་བསྙེན་བཀུར་མཛད་ནས་ཀུ་རུ་ཀུལླེས་གཏམ་བཏང་བས་རྡུགས། དབྱངས་ཅན་མས་ཐལ་མོ་བརྡབས། སྒྲོལ་མས་ཞལ་བཀབ་གསུངས། ཡང་རྨི་ལམ་ན། རྒྱལ་པོ་ཨིནྡྲ་བྷུ་དྷིའི་ཞབས་ལ་རྩྭ་ཨ་བ་གཉིས་སྐྱེས་ནས་འདུག་པ་ལ་གཅིག་གསོལ་བས་སྔར་མ་མྱོང་བའི་རོ་བཟང་པོ་ཞིག་བྱུང༌། འདི་ཅི་ལགས་ཞུས་པས། བདུད་རྩི་ཟིལ་མངར་བྱ་བ་དངོས་གྲུབ་ཀྱི་ཟས་ཡིན་གསུངས་པས་འོ་ན་གཅིག་པུས་ཟ་བ་ཕངས། སེམས་ཅན་ཐམས་ཅད་ལ་སྦྱིན་དགོས་སྙམ་ནས་རྩྭ་ཨ་བ་གཅིག་བཞག་གསུངས། མགོན་པོ་གྲི་གུག་དང་བེང་སོགས་ཆོས་སྐྱོང་མང་པོ་ཞིག་བྱིས་པའི་དུས་རང་ནས་ཞལ་གཟིགས་པ་ཡིན་གསུངས་སོ། །

              བླ་མ་ལ་སངས་རྒྱས་ཀྱི་འདུ་ཤེས་བཅོས་མ་མིན་པ་འཁྲུངས་པས་བླ་མའི་གསུང་གི་བྱིན་རླབས་ཞུགས་ཏེ་བཀའ་བསྟན་བཅོས་ཐམས་ཅད་ལ་ཐོགས་པ་མེད་པའི་སྤོབས་པ་མངའ། ནུབ་ཅིག་རྨི་ལམ་ན་དགེ་བཤེས་དགྱེར་སྒོམ་པ་ཆེན་པོ་བྱོན་ནས་སྟོན་པས་ཆོས་ཁྲི་འདིའི་སྟེང་ནས་ཆོས་གསུངས་པར་ཞུ་གསུངས། དེ་ནས་ཁྲི་ཁ་དེ་ནས་ཆོས་གསུངས་པས་ཚོགས་པ་རྣམས་ཀྱིས་འོར་ཆེ་བཏབ། དགེ་བཤེས་དགྱེར་སྒོམ་པ་ཆེན་པོ་བཞད་ཀྱིན་འདུག་སྟེ་ཆོས་བཤད་བྱ་བའི་གནང་བ་བྱིན་པ་འདྲ་གསུངས། དེ་ནས་གཉེར་དུ་ཆོས་འགོ་མ་གསུངས་པའི་དུས་སུ་དབོན་སྟོན་པའི་ལྟེ་བའི་ཁུང་བུ་ནས་ཉི་མ་ཆེན་པོ་ཞིག་ཤར་བས། འཛམ་བུའི་གླིང་གི་སེམས་ཅན་རྣམས་ཀྱི་རྒྱུད་དྲོས་པའི་སྣང་བ་བྱུང༌། དེ་ནས་སེམས་ཅན་ལ་ཕན་ནམ་བསམ་ནས་ཆོས་བཤད་བྱས་པ་ཡིན་གསུངས། གཉེར་དུ་ཚོགས་ཆོས་ཤིག་གསུངས་ཙ་ན། ཚིགས་བཅད་གཅིག་ལ་ཐོགས་པ་ཞིག་བྱུང་བས། ཆོས་ཐུན་དེ་ལད་སྙམ་བྱུང་ཙ་ན། ཆོས་ཐོན་ནས་གཟིམ་ཆུང་དུ་བྱོན་པས། གསང་བ་འདུས་པའི་དཀྱིལ་འཁོར་གྱི་གཙོ་བོ་དགེ་བཤེས་དགྱེར་སྒོམ་པ་ཆེན་པོས་མཛད། ཞལ་འཛུམ་མཛད་ནས་ཆོས་བཤད་བྱ་བ་ཡང་དཀའ་མོ་ལགས་ང་ལ་གསོལ་བ་ཐོབ་གསུངས། དེ་ནས་སྡེ་སྣོད་འཛིན་པ་བརྒྱས་བསྐོར་ཀྱང་ཉམ་ང་བ་སྤུ་ཙམ་ཡང་མེད། ཐམས་ཅད་ལ་རྡོ་རུས་ཐུག་པར་བྱས་པ་ཡིན།

              ཡ་གི་གསང་བ་འདུས་པ་ནས་ཀཱ་རི་ཀ་ཡན་ཆད་ལ་ཁུག་པར་ལུས་པ་གཅིག་ཀྱང་མེད། ད་རེས་འདི་འདྲ་ཞིག་བཤད་དེ་ཉན་ཐོས་ཀྱི་སའམ། རང་སངས་རྒྱས་ཀྱི་སའམ། རྟག་ཆད་ཀྱི་མཐར་ལྷུང་སྙམ་པ་ནི་གཅིག་ཀྱང་མེད། ཐམས་ཅད་ལ་བླ་ན་མེད་པའི་བྱང་ཆུབ་ཀྱི་ལམ་ཚང་ལ་མ་ནོར་བ་བཤད་དམ་སེམས་པ་ཡིན་གསུངས། བླ་མའི་ཐུགས་ཀྱི་བྱིན་རླབས་ཐོབ་པས་སྤྱིར་ཏིང་ངེ་འཛིན་གྱི་སྒོ་དུ་མ་ལ་མངའ་བརྙེས། ཁྱད་པར་དུ་སྒྱུ་མ་ལྟ་བུའི་ཏིང་ངེ་འཛིན་ཐུགས་ལ་འཁྲུངས་ཤིང༌། ལྷག་པའི་བསམ་པ་རྣམ་པར་དག་པས་རང་བས་གཞན་གཅེས་པར་འཛིན་པ་སྒྱུ་མའི་རྣམ་པར་ཐར་པས་འགྲོ་བའི་དོན་མཛད་པ་ཡིན་ཏེ། ཞལ་ནས་ཀྱང༌། ཏིང་འཛིན་ནང་ནས་སྒྱུ་མ་ལྟ་བུ་དང༌། །སྙིང་རྗེའི་ནང་ནས་བདག་གཞན་བརྗེ་བ་སྟེ། །འགྲོ་བའི་ནང་དུ་རང་འབྱུང་སངས་རྒྱས་འགྱུར། །ཞེས་གསུངས།

                                                                                                                                         རྩོམ་སྒྲིག་པ། མང་ར་བ།
             གསལ་འདེབས། 
                      རྩོམ་འདིའི་པར་དབང་ངེད་དགེ་ལུགས་པའི་དྲ་བར་གཏོགས་པས་གང་འདོད་དུ་གཞན་དུ་མི་འགོད་པ་དང་། གལ་ཏེ་འགོད་ན་རྩོམ་ཁུངས་དང་སྦྲེལ་ཐག་གསལ་པོར་དགོད་པར་ཞུ།
                      དྲ་བའི་སྦྲེལ་ཐགhttp://www.tb1025.cn

བརྒྱུད་འགོད།