དགེ་བའི་བཤེས་གཉེན་སངས་རྒྱས་དབོན་སྟོན་གྱི་རྣམ་ཐར་དང་བོ།

ཡོང་ཁུངས།   ངེད་དགེ་ལུགས་པའི་དྲ་བ།     སྤེལ་དུས།  2017-06-03 21:34:18     རྩོམ་པ་པོ།   ཡོངས་འཛིན་ཡེ་ཤེས་རྒྱལ་མཚན།     ཀློག་ཐེངས།  

4b2bcb31174b04654a187c05e367115b_.jpg

              རྨད་བྱུང་ཡོན་ཏན་མཛོད་འཛིན་སངས་རྒྱས་དབོན། ཞེས་བསྔགས་པ། དགེ་བའི་བཤེས་གཉེན་སངས་རྒྱས་དབོན་སྟོན་རིན་པོ་ཆེ་ནི། བསྐལ་པ་དཔག་ཏུ་མེད་པའི་སྔ་རོལ་ནས་ཐེག་པ་ཆེན་པོའི་ལམ་ལ་སྦྱངས་ཏེ་ཕྱིར་མི་ལྡོག་པའི་གདེང་ཐོབ་ནས་སྙིགས་མའི་འགྲོ་བ་ཉམ་ཐག་རྣམས་ལ་ལྷག་པར་བརྩེ་བ་ཐུགས་རྗེ་ཆེན་པོའི་གཞན་དབང་དུ་གྱུར་པས་ཉེར་ལེན་མཛད་དེ། བྲམ་ཟེ་དགྱེར་ལྷ་སྣང་གི་རིགས་སུ་ཡབ་ཡོན་བདག་བུ་མོ་སྟག་དང༌། ཡུམ་ཤ་མོ་མདོག་གི་སྲས་སུ་སྐུ་འཁྲུངས། དེ་ཡང་ཡུམ་མནལ་ཐུམ་པ་ཞིག་གི་སུ་བལྟམས་ཟིན་འདུག་པ་མིན་པ་མ་ཚོར་བར་སྣང༌། དེའི་ནུབ་མོ་ཡབ་ཀྱི་རྨི་ལམ་ན་ཉི་མ་ཆེན་པོ་ཞིག་ཤར་བའི་སྣང་བས་འཛམ་བུའི་གླིང་ཁྱབ་པ་ཞིག་བྱུང༌། ངའི་བུ་འདི་བསོད་ནམས་ཅན་ཞིག་འོང་བ་འདྲ་གསུངས། དེ་ནས་ཁུ་བོ་དགེ་བཤེས་དགྱེར་སྒོམ་པ་ཆེན་པོའི་ཞལ་ནས། ཡོན་བདག་གི་བྱིས་པ་དེ་ངའི་དྲུང་དུ་སྐྱོལ། དེར་བཞག་ཏུ་ཕངས།བཙུན་པ་ཞིག་བྱེད་དགོས་གསུངས།

              བྱིས་པའི་དུས་རྩེད་མོའི་སར་ཕ་བོང་ལ་ཞབས་རྗེས་བྱོན། དེ་ནས་རིན་ཆེན་སྒང་དུ་རང་གི་ཁུ་བོ་དགེ་བཤེས་དགྱེར་སྒོམ་པ་ཆེན་པོའི་སྤྱན་སྔར་བྱོན་པས་དགེ་བཤེས་ཆེན་པོའི་ཞལ་ནས། འཁོར་རྣམས་ལ་ཁྱེད་ཀུན་གྱིས་ཡོན་བདག་གི་བྱིས་པ་འདི་ལ་གུས་པར་གྱིས་ཤིག འདི་ངོ་མཚར་ཅན་ཞིག་ཡིན་ནོ་གསུངས་ནས་ཐུགས་ལ་བཏགས་པར་མཛད། ཡང་ཞལ་ནས། ཁྱོད་ཀྱི་ཕ་དེ་ང་ལ་དྲིན་ཆེ་བས་བྱམས་པར་བྱས་པ་ཡིན་ནོ་གསུངས། དེ་ནས་དགུང་ལོ་བཅུ་བདུན་བཞེས་དུས་དགེ་བཤེས་འབེན་ཐང་པས་མཁན་པོ་དང༌། སློབ་དཔོན་ལྟེའུ་སྒོམ་གྱིས་སློབ་དཔོན་མཛད་ནས་རབ་ཏུ་བྱུང༌། མཚན་གཞོན་ནུ་འབྱུང་གནས་སུ་བཏགས།མཁན་པོའི་ཞལ་ནས། འདི་ལ་བསོད་ནམས་འུར་ཐག་ཆད་པ་ཞིག་རེ་བ་ཡིན། མདང་རྨི་ལམ་དུ་ཡིད་བཞིན་གྱི་ནོར་བུ་ཡིན་ཟེར་བ་ཞིག་ལ་ཕྱི་བདར་བྱས་པ་རྨིས་གསུངས། སློབ་དཔོན་སྒོམ་པའི་ཞལ་ནས་ཉི་ཟླ་གཉིས་དུས་གཅིག་ལ་ཤར་བ་རྨིས་གསུངས།

              དགེ་བཤེས་གཉེན་དགྱེར་སྒོམ་པ་ཆེན་པོ་བསམ་སྦྱོར་གཉིས་ཀྱིས་ཚུལ་བཞིན་དུ་བསྟེན་ནས་བྱང་ཆུབ་ལམ་གྱི་རིམ་པའི་མྱོང་ཁྲིད་གསན་ཏེ། དགེ་ཚུལ་གྱི་རིང་ལ་ལམ་རིམ་གྱི་ཁྲིད་དང་ཇོ་བོའི་སྒྲུབ་ཡིག་ཚར་བར་མཛད། ལོ་ཉི་ཤུ་བཞེས་པ་ན་དགེ་བཤེས་དགྱེར་སྒོམ་གྱི་ཞལ་ནས་ཁྱོད་དགེ་སློང་ཞིག་བྱེད་དགོས་གསུངས་ནས། དགེ་བཤེས་ཉང་བྲན་གྱིས་མཁན་པོ་དང༌། དགེ་བཤེས་ཆོས་དང༌། དགེ་བཤེས་ཁ་ཆེས་ལས་སློབ་དང་གསང་སྟོན་མཛད་ནས་བསྙེན་པར་རྫོགས་འདུལ་བའི་བསླབ་བྱ་རྣམས་ལ་ཚུལ་བཞིན་དུ་བསླབས། དབྱར་དགུན་གསུམ་ཙམ་མཁན་པོའི་དྲུང་དུ་བཞུགས་ཏེ་སྤྱོད་ཕྱོགས་རྣམས་གསན་ནས་མཁྱེན་པར་མཛད། འབེན་ཐང་པ་ལ་འདུལ་བའི་བསླབ་བྱ་གསན་པར་མཛད་དོ། །དེ་ནས་དགེ་བཤེས་ཀ་བ་དར་སེང་གི་ཐད་དུ་འདུལ་བའི་སློབ་གཉེར་རྣམས་ལོ་གསུམ་ལ་ཚར་བར་མཛད་དེ་འདུལ་བ་ལ་ཤིན་ཏུ་མཁས་པར་གྱུར་ནས་སྐལ་བ་དང་ལྡན་པ་མང་པོ་ལ་ཀ་རི་ཀའི་སྟེང་ནས་དགེ་ཚུལ་གྱི་བསླབ་བྱ་དང་འདུལ་བ་མདོ་རྩ་བ་རྒྱ་ཆེར་བཤད་པར་མཛད་དོ། །དེ་ནས་དགེ་བའི་བཤེས་གཉེན་དགྱེར་སྒོམ་པ་ཆེན་པོ་སྐུ་ན་བྱོན་པས་ཡར་བྱོན་ཏེ་བྲང་ཁར་ཞིག་བཟུང་ནས་ཐུགས་དམ་རྩེ་གཅིག་མཛད་ཅིང་བསྒྲུབ་པས་བླ་མ་མཉེས་པར་མཛད། ལན་ཅིག་དགེ་བཤེས་དགྱེར་སྒོམ་པ་ཆེན་པོ་ལ་ཐུགས་ལ་གདགས་པར་ཞུ་ཞུས་པས། ངས་དུས་རྟག་དུ་རྩར་བཞག་པ་འདི་ཐུགས་ལ་བཏགས་པ་ཡིན། དགེ་བཤེས་ཚན་ཞིག་གིས་ཉེ་དུ་དང་འབྲེལ་བ་ཕྱོགས་སུ་ཉེར་མི་སྟེར་བར་མཛད་པ་ཡིན་གསུངས། གཙང་པའི་གྲྭ་པ་ཀུན་གྱིས་དགེ་བཤེས་དགྱེར་སྒོམ་ཆེན་པོ་ལ་ངོ་ཆེན་ཞུས་ནས་ང་ལ་འདུལ་བ་འཆད་དགོས་གསུངས་པ་ལ་ངན་བུ་ལ་བཀའ་གདམས་ར་རི་ཞིག་འོང་བར་འདུག་ན་ཆོས་བཤད་མི་བགྱི། དེ་མི་འོང་ན་འདུལ་བ་བཤད་པས་རང་ཉིད་མཁས་སུའང་འགྲོ་བས་བགྱི་ཞུས་པས་ཅང་མི་གསུངས་པས་ཐུགས་ལ་བཏགས་སྙམ་པ་བྱུང་གསུངས། དེ་ནི་བཀའ་གདམས་གོང་མའི་རྣམ་ཐར་ཤ་གཟུག་རང་ཟའི་དཔེ་ལྟར་ཐོག་མར་དབེན་པའི་གནས་སུ་རང་རྒྱུད་བཏུལ་ནས་རང་ཉིད་མི་ཉམས་པའི་གདེང་ཐོབ་པ་ན་གདུལ་བྱ་གཞན་ལ་ཆོས་འཆད་སོགས་གཞན་དོན་མཛད་ཅེས་པའི་དོན་ནོ། །

              དེ་ནས་དགྱེར་སྒོམ་པ་ཆེན་པོ་སྐུ་ན་མཐོ་བར་བྱོན་ཞིང་བླ་མའི་ཞབས་ཏོག་བྱེད་པ་ཉིད་རང་གི་ཚོགས་རྫོགས་པའི་ཐབས་མཆོག་ཡིན་པར་དགོངས་ནས་ཕྱིས་གཟིམ་ཆུང་དུ་བཞུགས་ནས་གཟིམ་གཡོག་མཛད། ཆོས་ཞུས་པ་ལས་ཀྱང་གླེང་སླང་ཞུས་པ་མང་གསུངས།སྤྲུལ་པའི་སྐྱེས་མཆོག་དབོན་སྟོན་རིན་པོ་ཆེ་འདི་ནི་སྐུ་ཚེ་སྔོན་ནས་སྦྱངས་པའི་མཐུ་ཅན་ཡིན་པར་མ་ཟད། སྐུ་ཚེ་འདིར་ཡང་དགེ་བའི་བཤེས་གཉེན་རྣམ་པ་ཀུན་ཏུ་མཉེས་པར་བྱས་ནས་བྱང་ཆུབ་ལམ་གྱི་རིམ་པ་ལ་ཉམས་ལེན་སྙིང་པོར་མཛད་པས་ལམ་གྱི་རིམ་པའི་རྟོགས་པ་རྣམས་ཕུལ་དུ་ཕྱིན་པར་ཐོབ་པ་ཞིག་སྟེ། སྐྱེས་བུ་ཆུང་འབྲིང་གི་ལམ་ལ་སྐྱངས་ནས་ངེས་འབྱུང་གི་བསམ་པ་རྣམ་པར་དག་པ་སྐྱེས་ཏེ་ཚུལ་ཁྲིམས་ཀྱི་བསླབ་པ་ལ་བསྡམ་པར་བྱ་བའི་ཉེས་བྱས་ཕྲ་མོས་ཀྱང་མ་གོས་པས་བདེན་པའི་ཚིག་གྲུབ་པ་ཞིག་གོ །བཤེས་གཉེན་བསྟེན་ཚུལ་ལ་མྱོང་བ་ཕུལ་ཕྱིན་ཐོན་ཏེ་བླ་མ་ལ་དུས་རྟག་ཏུ་སངས་རྒྱས་ཀྱི་འདུ་ཤེས་མངའ་སྟེ། དགེ་བཤེས་དགྱེར་སྒོམ་པ་ཆེན་པོ་ལོགས་སུ་བཞག་པའི་ཡི་དམ་གྱི་ལྷ་གཞན་མེད་གསུངས། བླ་མ་སངས་རྒྱས་སུ་མཐོང་བའི་མོས་གུས་བཅོས་མིན་སྐྱེས་པས་བླ་མའི་སྐུའི་བྱིན་རླབས་ཞུགས་པས་ཡི་དམ་གྱི་ལྷ་དཔག་ཏུ་མེད་པའི་ཞལ་གཟིགས་ཏེ། རིན་ཆེན་སྒང་དུ་འཇུག་པ་སེམས་བསྐྱེད་ཞུས་པའི་ཐོ་རངས་ཀྱི་དུས་སུ་འོད་མེ་ལོང་ཙམ་ཞིག་གི་ནང་དུ་བླ་མ་བརྒྱ་རྩ་བཅུ་གཉིས་ལ་བརྟེན་ནས་བྱང་ཆུབ་སེམས་དཔའི་བསླབ་པ་ཡོངས་སུ་རྫོགས་པར་མཛད་པ་ཡིན་གསུངས། འཕྲང་འོག་ཏུ་དབང་ཞུས་པའི་དུས་སུ་དགེ་བཤེས་དགྱེར་སྒོམ་པ་ཆེན་པོའི་བྱང་ཁོག་ནང་ན་གསང་བ་འདུས་པའི་ལྷ་བཅུ་དགུ་མའི་གཙོ་བོ་དགེ་བཤེས་དགྱེར་སྒོམ་པ་ཉིད་ཀྱིས་མཛད་ནས་དབང་བཞི་རྫོགས་པར་བསྐུལ་བས་དབང་བཞི་པའི་དོན་ཐུགས་རྒྱུད་ལ་འཁྲུངས་པ་ཡིན་གསུངས།

                                                                                                                                         རྩོམ་སྒྲིག་པ། མང་ར་བ།
           གསལ་འདེབས། 
                      རྩོམ་འདིའི་པར་དབང་ངེད་དགེ་ལུགས་པའི་དྲ་བར་གཏོགས་པས་གང་འདོད་དུ་གཞན་དུ་མི་འགོད་པ་དང་། གལ་ཏེ་འགོད་ན་རྩོམ་ཁུངས་དང་སྦྲེལ་ཐག་གསལ་པོར་དགོད་པར་ཞུ།
                      དྲ་བའི་སྦྲེལ་ཐགhttp://www.tb1025.cn

བརྒྱུད་འགོད།