དགེ་བའི་བཤེས་གཉེན་དགྱེར་སྒོམ་པ་ཆེན་པོའི་རྣམ་ཐར་གསུམ་པ།

ཡོང་ཁུངས།   ངེད་དགེ་ལུགས་པའི་དྲ་བ།     སྤེལ་དུས།  2017-06-03 21:28:57     རྩོམ་པ་པོ།   ཡོངས་འཛིན་ཡེ་ཤེས་རྒྱལ་མཚན།     ཀློག་ཐེངས།  

3a8f29e5b4891f4fbe3d77181058eb6b_.jpg

              ཡང་དགེ་བཤེས་བྱ་ཡུལ་བའི་ཞལ་ནས། རབ་གནས་ལ་སོགས་པ་དགྱེར་སྒོམ་པ་ཉིད་ཀྱིས་ཀྱང་མཁྱེན་ནས་མཆི་སྟེ། འཚལ་ན་ངན་བུས་ཞབས་ཏོག་བགྱི་གསུངས་ནས། ཆོས་ཐམས་ཅད་མ་ཞུས་པར་གནང༌། ཡང་དགེ་བཤེས་བྱ་ཡུལ་བའི་ཞལ་ནས། དགོན་པ་འདིར་བཞུགས་ལ་ངའི་བཤོས་རེ་གསོལ། ང་ལ་དྲིན་ཆེ་བ་ལགས་གསུངས། ཡོན་བདག་ཚོ་ཞིག་གིས་དགོན་པ་བརྩིགས་ཟིན་འགོ་དགོས་པར་བདོག་ཞུས་པས། འོ་ན་ངས་ཀྱང་དགྱེར་སྒོམ་པའི་བསྲུང་བ་བགྱི། དགྱེར་སྒོམ་པས་ཀྱང་ང་ལ་དེ་བཞིན་མཛད་པར་ཞུ་གསུངས། ངས་དེ་ཙ་ན་དེ་བཞིན་དུ་བྱས་ན་རྒྱ་སྣུབས་དགོན་གསུམ་གྱི་མིང་ཡང་མི་འོང་གསུངས། གཞན་ཡང་དམ་ཚིག་གསུམ་བཀོད་པའི་རྒྱལ་པོའི་ཞལ་གཟིགས། རྡོ་རྗེ་གདན་ཡིན་སྙམ་པ་ཞིག་ཏུ་བྱང་ཆུབ་ཆེན་པོ་གཙོ་འཁོར་གསུམ་པ་དེ་ཞལ་གཟིགས།

          བྱ་ཡུལ་ན་བཞུགས་པའི་ཚེ་ཆོས་སྐྱོང་མ་དེའི་ཞལ་གཟིགས་གསུངས། ཡི་དམ་ལྷའི་བཟླས་བརྗོད་མཐར་ཕྱིན་པར་མཛད་པས་གཞན་ཕན་གྱི་ནུས་པ་ཁྱད་པར་ཅན་ཐོབ་སྟེ། རྟག་པ་ཆེད་འཛིན་བཟླས་ལུང་ཐུག་པ་མེད་པ་ཞིག་མཛད་པ་ལ། གཞན་ལ་ཕན་མ་ཐོགས་པ་ཡེ་མ་བྱུང༌། སྐུ་ལུས་རྡོ་རྗེ་འདྲ་བས་ཚེམས་བསྙུང་བ་ཞིག་ཀྱང་མ་བྱུང་གསུངས། བྱིས་པའི་དུས་ན་ནད་ཡམས་ཆེན་པོ་ཞིག་བྱུང་བས་བྱིས་པ་མང་པོ་གུམ། རོ་ཐམས་ཅད་མཁར་རྒྱབ་ཏུ་བསྐྱལ་གཅུང་པོ་གཉིས་ཀྱང་ན་བས་ངས་ཁོང་གཉིས་གཡས་གཡོན་དུ་བཞག་སྟེ་གཙུག་ཏོར་བཏོན་པས་ནུབ་ཅིག་གི་རྨི་ལམ་ན་མཁར་རྒྱབ་ཏུ་ཕྱིན་པས། བྱ་མགོ་བརྙན་མི་འདྲ་བ་མང་པོ་ཐིབ་ཐིབ་འདུག ཁྲོན་པ་ཞིག་གི་ཁ་ནའང་བྱ་མང་པོ་ཐིབ་ཐིབ་འདུག་པས། ཁྲོན་པ་དེར་བལྟས་པས་ཁོང་གཉིས་པོ་དེ་ཤི་ལ་ཁད་པ་རེ་བྱས་འདུག་པས། ངས་ལག་པ་ནས་བཟུང་སྟེ་ཙར་ཙར་བཏོན་པ་རྨིས། སང་ནངས་པར་ཁོང་གཉིས་པོ་སངས་དྲག་པ་ཞིག་བྱུང་གསུངས། གཞན་སེམས་ཤེས་པའི་མངོན་པར་ཤེས་པའང་རླབས་ཆེན་པོ་མངའ་སྟེ། ཐུགས་སྲས་སངས་རྒྱས་དབོན་སྟོན་ཆེན་པོ་གཞོན་པའི་དུས་སུ་ཕྲེང་བ་འདི་བྱིན་ན་རུང་སྟེ་སྙམ་ཙ་ན།  ཕྲེང་བ་དེ་ཕྱག་ཏུ་བསྣམས་ནས་དགོས་པ་མེད་འདི་ཀུན་འདྲ་བ་མངོན་ཚན་ཆེ་བ་ཡིན་གསུངས།

          ཡང་དབོན་སྟོན་གྱི་ཞལ་ནས། དགེ་སྦྱོར་བྱེད་འདོད་མ་བྱུང་བའི་དུས་སུ་སྤྱན་སྔར་ཕྱིན་ཙ་ན། ཞལ་རས་ནག་ཐིང་མཛད་ནས་དགོས་པ་མེད་གསུངས། ནངས་ཤིག་དགེ་སྦྱོར་བྱེད་འདོད་ལྷན་གྱིས་བྱུང་བས་སྤྱན་སྔར་ཕྱིན་ཙ་ན། ད་ནངས་ཅི་ཙུག་བྱུང་གསུངས། འདི་ཙུག་གདའ་ཞུས་པས་དེ་ངས་བྱིན་གྱིས་བརླབས་པ་ཡིན། ད་ང་རྒས་ཆོས་འདི་ཡང་དགོས། འདི་ཡང་དགོས་པ་ཡིན་གསུངས། དེ་དག་ནི་གཞན་གྱི་སེམས་ཤེས་པའི་ཡོན་ཏན་ནོ། །རྫུ་འཕྲུལ་གྱི་ཡུལ་ཤེས་པའི་ཡོན་ཏན་ནི། ཇོ་བཙུན་ཡེ་ཤེས་བླ་མས་ཆོས་ཞུ་སྙམ་ནས་གཟིམ་ཆུང་དུ་བྱོན་པས། སྒོ་ནང་ནས་བསྡམས་ནས་བཞུགས། དེར་ཐེམ་པ་ལ་བསྙེས་ནས་བཞུགས་ཙ་ན། དགེ་བཤེས་ཆེན་པོ་ཕྱི་ངེས་ནས་བྱོན་བྱུང་གསུངས་སོ། །དེ་ལྟར་དགུང་ལོ་བརྒྱད་ཅུ་རྩ་གཉིས་ཀྱི་བར་དུ་དགོན་པ་རིན་ཆེན་སྒང་དུ་བཞུགས་ནས་ལམ་གྱི་རིམ་པ་འདིས་གདུལ་བྱ་མང་པོའི་དོན་མཛད་པ་ཡིན་ཏེ། རྩ་ཚིག་འདི་རྣམས་ཨ་ཏི་ཤས་དགོན་པ་བ་ལ་ཁྲིད་པ་དེ་ཀ་ཉིད་ཡིན། བཤད་པ་དང་ལུང་ཀུན་པོ་ཏོ་བ་ཆེན་པོའི་གཞི་ཆེ། རང་རེའི་ཡིག་སྣས་མ་ཆོག་པར་གཞན་ལ་བལྟས་ནས་བཤད་པ་ཚིག་ཁ་ཡར་རེ་བྱེད་དེ། ཚིལ་མང་ཁ་ན་མེད། མདའ་གཞུ་པང་པ་གང་ཡང་གཏད་ས་མདེའུ་རྩེ་གང་ལས་མེད་པ་ཡིན། འུ་ཅག་ཐེག་པ་ཆེན་པོ་བའི་དབང་དུ་བྱས་ན་གཏད་ས་བློ་སྣ་གཞན་དོན་དུ་འགྱུར་བ་ལ་བྱའོ་གསུངས། ཡང་བླ་མ་ཞལ་བཞུགས་པའི་དུས་སུ་ཐེ་ཚོམ་དང་སྒྲོ་འདོགས་ཐམས་ཅད་ཆོད་པར་བྱས་ནས་ཞལ་མི་བཞུགས་པའི་དུས་སུ་དོད་ཐུབ་པར་བྱས་ཏེ་དགེ་སྦྱོར་བྱེད་དགོས་པ་ཡིན་གསུངས། གཞན་ཡང་བླ་མ་གོང་མ་དེ་སྐུ་ཡལ་ནས་བླ་མ་དེའི་གདམས་ངག་མི་ཉམས་ཤིང་འཕེལ་བའི་དགེ་བཤེས་དང་གྲོགས་པོ་ལ་བརྟེན་པ་གལ་ཆེ།རང་གི་བླ་མའི་མཛད་སྤྱོད་དང་མི་མཐུན་པའི་བླ་མ་གཉིས་པ་མི་བཙལ། བཙལ་ན་བླ་མ་སྔ་མའི་བྱིན་རླབས་དུང་གི་རྡུལ་ཕྱིས་པ་བཞིན་དུ་འགྲོ་གསུངས།

          ཡང་བླ་མ་ཞལ་མི་བཞུགས་པའི་དུས་སུ་དགེ་འདུན་ཆོས་དང་མཐུན་པའི་གྲོགས་ལ་བརྟེན་ནས་བླ་མའི་མན་ངག་གི་རྒྱབ་ཏུ་མདོ་སྡེ་བལྟས་ན་ཡང་མི་ཉམས་པ་ཡིན་གསུངས། ཡང་རང་གི་བླ་མ་འདས་ནས་དེའི་གདམས་ངག་དང་རྗེས་སུ་བསྟན་པ་ཉམས་སུ་ལེན་པའི་བླ་མ་ཕྱི་མ་ཞིག་ལ་བསྟེན་ནའང་རང་མི་ཉམས་པ་ཡིན་བྱ་བ་ནན་ཏན་དང་བཅས་པ་གསུངས། ཡང་དབོན་སྟོན་ལ་གདན་འདྲེན་པ་གཉིས་བྱུང་གསུངས། དེའི་ནུབ་མོ་དབོན་སྟོན་གྱི་རྨི་ལམ་ན་ལྷའི་བུའི་མཆོད་པ་ཡིན་ཟེར་བ་ཚན་ཞིག་དང་མི་དཀར་པོ་གཙང་སིང་བ་ཞིག་བྱུང༌། དགེ་བཤེས་དགྱེར་སྒོམ་ཆེན་པོ་ན་བཟའ་མཐང་རྐྱང་གཅིག་དང་དབུ་ཞྭ་ལྟེབ་མོ་དེ་གསོལ། ཕྱག་འཁར་དེ་བསྣམས་ནས་མི་དཀར་པོ་དེ་དང་གཉིས་བྱོན་ནས། དབོན་སྟོན་གྱི་དབུ་སྔས་སུ་ཕྱག་འཁར་དེ་བཙུགས་གདམས་ངག་ཁ་ཡར་ཞིག་གསུངས། མི་དཀར་པོ་དེ་དང་དགྱེར་སྒོམ་ཆེན་པོ་གཉིས་ཤར་ལྷོ་མཚམས་ཀྱི་ནམ་མཁའ་ལ་གཤེགས་པ་ཞིག་རྨིས། དེ་ནས་ཚ་བ་ཐོན་རྗེས་ལ་ཞལ་ཆེམས་ཁ་ཡལ་ཞིག་གསུངས་པ་ན། དབོན་སྟོན་སྐུ་ན་གཞོན་པས་མཆི་མ་མ་ཐུབ། དེ་མིན་ན་དེའི་ཚེ་གསུངས་ཁ་ཡར་འོང་བ་འདུག་པ་ལ་གསུངས། གཞན་ཡང་རྟེན་བྱིན་རླབས་ཅན་འདི་དང་འདི་ཡོད། ཀ་པ་ལི་དང་བེའུ་བུམ་ན་ཆོས་འདི་དང་འདི་ཡོད། མི་ལག་འགྲིམ་དུ་མ་གཞུག ང་ལ་དུས་རྟག་ཏུ་སྣང་དམིགས་ཀྱི་དངོས་པོ་འདི་འོད་དམ་འཇའི་རྣམ་པར་ཡོད་པ་ཡིན། ཁྱོད་ལའང་དེ་ལྟར་བྱུང་ན་ཆོས་བཤད་དང་རབ་གནས་དང་གཏོར་ཆེན་བཟླས་ལུང་ལ་སོགས་པ་རྣམས་གྱིས་གསུངས། ཁྱོད་རང་ཡང་ཆོས་དང་མཐུན་པར་གྱིས་ལ་སྡེ་དགོན་འདི་གཉིས་ཆོས་དང་མཐུན་པར་བྱུང་ན་སྐྱོངས། མ་མཐུན་ན་ཞོག་གསུངས་པས་བྱ་སྟབས་བདེ་བར་བྱུང༌། དེ་ནས་དགུང་ལོ་བརྒྱད་ཅུ་རྩ་གཉིས་པ་ལྕགས་མོ་ཡོས་ཀྱི་ཉེར་དགུ་ལ་རིན་ཆེན་སྒང་དུ་མྱ་ངན་ལས་འདའ་བའི་མཛད་པ་བསྟན་ཏེ། སྐྱིལ་ཀྲུང་ལམ་གྱིས་མཛད་ནས།ཕྱག་ས་གནོན་མཉམ་བཞག་མཛད། དབུའི་སྟེང་ན་ཡར་རླང་པ་བུམ་པའི་ཁ་ཆིངས་འདྲ་བ་ཞིག་བྱུང༌།འུ་ཅག་སྣང་བ་མ་དག་པས་དེ་ལས་མ་མཐོང་གཞན་དུ་ན་འོད་དུ་འོང་བ་ཡིན་གསུངས། དེ་ནས་གདུལ་བྱ་རྣམས་ཀྱིས་སྐུ་གདུང་ལ་མཆོད་པ་དང་སྨོན་ལམ་རྒྱ་ཆེན་པོ་མཛད་དོ།

              བདག་ཉིད་ཆེན་པོ་འདི་ལ་སློབ་མ་བརྒྱད་བརྒྱ་ཙམ་འཚོགས་པའི་ནང་ནས་སློབ་མ་ཆེ་བ་ནི། ཐུགས་ཀྱི་སྲས་འགྲོ་མགོན་སངས་རྒྱས་དབོན་སྟོན་ཡིན་ལ་གཞན་ཡང་བསྟན་འཛིན་གྱི་སྐྱེས་བུ་དམ་པ་མང་དུ་བྱོན་ནོ། །དེས་ན་བྱང་ཆུབ་ལམ་གྱི་རིམ་པ་ལ་བློ་སྦྱོང་བར་འདོད་པ་རྣམས་ཀྱིས་དགེ་བའི་བཤེས་གཉེན་དགྱེར་སྒོམ་པ་ཆེན་པོ་ལ་གསོལ་བ་འདེབས་ཤིང༌།བཤེས་གཉེན་ཆེན་པོ་འདིའི་རྣམ་ཐར་ལྟར་སྐྱེས་བུ་གསུམ་གྱི་ལམ་གྱི་རིམ་པ་ལ་བློ་སྦྱངས་ནས་མྱོང་བ་བཅོས་མིན་ཐོན་པར་བྱ་ཞིང༌། ཐ་ན་སྨོན་ལམ་གྱི་ཡུལ་དུ་བྱས་ཏེ་བློ་སྦྱང་བར་བྱའོ།། །།

                                                                                                                                     རྩོམ་སྒྲིག་པ། མང་ར་བ།
             གསལ་འདེབས། 
                       རྩོམ་འདིའི་པར་དབང་ངེད་དགེ་ལུགས་པའི་དྲ་བར་གཏོགས་པས་གང་འདོད་དུ་གཞན་དུ་མི་འགོད་པ་དང་། གལ་ཏེ་འགོད་ན་རྩོམ་ཁུངས་དང་སྦྲེལ་ཐག་གསལ་པོར་དགོད་པར་ཞུ།
                      དྲ་བའི་སྦྲེལ་ཐགhttp://www.tb1025.cn

བརྒྱུད་འགོད།