དགེ་བའི་བཤེས་གཉེན་དགྱེར་སྒོམ་པ་ཆེན་པོའི་རྣམ་ཐར་གཉིས་པ།

ཡོང་ཁུངས།   ངེད་དགེ་ལུགས་པའི་དྲ་བ།     སྤེལ་དུས།  2017-06-03 21:22:11     རྩོམ་པ་པོ།   ཡོངས་འཛིན་ཡེ་ཤེས་རྒྱལ་མཚན།     ཀློག་ཐེངས།  

47fccc2f0abdb23eba4816aa31078de3_.jpg

              དགེ་བཤེས་དགྱེར་སྒོམ་ཆེན་པོ་ཞེས་གྲགས་པ་འདི་ནི། དགེ་བའི་བཤེས་གཉེན་བསམ་སྦྱོར་གཉིས་ཀྱིས་ཚུལ་བཞིན་བསྟེན་ནས་བྱང་ཆུབ་ལམ་གྱི་རིམ་པ་སྒོམ་པ་ལ་བརྩོན་པ་ཤུགས་དྲག་ལ་རྒྱུན་རིང་བ་མཛད་པས་ལམ་གྱི་རིམ་པའི་རྟོགས་པ་རྣམས་བཅོས་མ་མིན་པར་ཐོབ་པ་ཞིག་སྟེ་ངེས་འབྱུང་གི་བསམ་པ་རྣམ་པར་དག་པ་རྒྱུད་ལ་སྐྱེས་པས་འདོད་པའི་ཡུལ་ལ་ནམ་ཡང་མི་གཡེང་བར་དྲན་ཤེས་བག་ཡོད་བརྟན་པོས་བསྡམ་པར་བྱ་བའི་ཉེས་པ་ཕྲ་མོ་ཙམ་གྱིས་ཀྱང་མ་གོས་པ་ཞིག་སྟེ།ཐ་ན་སཾ་པྲསྟ་ཞེས་མ་བརྗོད་པར་བཞེས་པ་མི་མཛད་པ་སོགས་འདུལ་བའི་བཅས་མཚམས་ཕྲ་རགས་ཐམས་ཅད་ཉམས་པ་མེད་པར་བསྲུང་བར་མཛད། བརྩོན་འགྲུས་ཤིན་ཏུ་ཆེ་བས་མི་གཡོ་བའི་གཟུངས་དུང་ཕྱུར་མང་པོ་བཟླ་བར་མཛད་དེ། ཉིད་ཀྱི་ཞལ་ནས།དགེ་བའི་བཤེས་གཉེན་སྤྱན་སྔ་བས་ངས་ཡི་གེ་བཅུ་པ་འདི་རང་ཡང་དུང་ཕྱུར་བཅུ་གསུམ་སོང་གསུངས་པ་ལགས་པར་གདའ་སྟེ། ངས་ཀྱང་དེ་ཙམ་ཞིག་འགྲོ་བར་སྣང་གསུངས། གཞན་ཡང་ལུས་ངག་ཡིད་གསུམ་ཐ་མལ་དུ་སྡོད་མ་མྱོང་གསུངས། ཚོགས་ཆོས་ལྐོག་ཆོས་གང་མཛད་ཀྱང་ཐུགས་གོ་ཆ་ཤིན་ཏུ་ཆེ། དང་པོ་ཚོགས་མི་སྡུད་པ་ཡིན། བསྡུས་ཀྱི་རྟིང་ལ་ཡན་པར་བཞག་པས་མི་འོང་གསུངས་ནས་བརྩོན་འགྲུས་ཆེན་པོ་མཛད་དོ། །

              བྱམས་སྙིང་རྗེ་བྱང་ཆུབ་ཀྱི་སེམས་ཤུགས་དྲག་པས་སེམས་ཅན་དམན་པ་སུ་འདྲ་ཞིག་ལའང་ཕན་ཐོགས་ནུས་པ་བྱུང་ན་དེ་ལ་ངེས་པར་ཕན་ཐོགས་མཛད། གྲོང་པའི་སྐྱེ་བོ་ཉམ་ཐག་དག་གིས་གདན་དྲངས་ཀྱང་དེ་ལ་ཕན་པར་འགྱུར་ན་ངེས་པར་འབྱོན་པར་མཛད་པས་གཞན་དག་གིས་གྲོང་ཆོག་སོགས་ལ་མི་གཤེགས་པའི་ཞུ་བ་ཕུལ་པ་ན་སེམས་ཅན་གྱི་དོན་འགྲུབ་བཞིན་དུ་མི་བྱེད་ན། བྱང་ཆུབ་སེམས་དཔའི་བག་མེད་པའི་གནས་བྱ་བ་ཡིན་གསུངས་ནས་ཞི་བར་མ་གཤེགས་ཀྱི་བར་གྲོང་ཆོག་མཛད། ཅུ་རྩ་གཉིས་ཀྱི་བར་དུ་མོ་རེང་མ་ཞིག་ན་ཡང་སྔས་ཁར་བྱོན་ནས། སྐྱབས་འགྲོ་སེམས་བསྐྱེད་འབོགས་པར་མཛད། ང་ཆུང་ངུ་ནས་ཞེ་སྡང་ཆེར་སྐྱེ་མ་མྱོང༌། གཞན་ལ་ཕན་སེམས་དེ་ངང་གིས་བྱུང་གསུངས་སོ། །

              དོན་འདི་ལ་དགོངས་ནས་རྗེ་ཐམས་ཅད་མཁྱེན་པས། ཐེག་མཆོག་ལམ་གྱིས་རྒྱུད་སྦྱངས་དགྱེར་སྒོམ་ཞབས། །ཞེས་བསྔགས་སོ། །ཐུགས་རབ་ཤིན་ཏུ་ཆེ་བས་ལམ་གྱི་རིམ་པའི་གནད་རྣམས་ལ་རིགས་པའི་རྣམ་གྲངས་མཐའ་ཡས་པས་དཔྱོད་པར་མཛད་དོ། །བཤེས་གཉེན་བསྟེན་ཚུལ་གྱི་ཉམས་རྟོགས་བཅོས་མ་མིན་པ་འཁྲུངས་ཏེ། ལམ་སྟོན་པའི་དགེ་བའི་བཤེས་གཉེན་ལ་སངས་རྒྱས་ཀྱི་འདུ་ཤེས་མིན་པ་ཐ་མལ་པའི་འདུ་ཤེས་སྐྱེ་མ་མྱོང་གསུངས། དེ་ལྟར་བཤེས་གཉེན་ལ་གུས་པ་བཅོས་མ་མིན་པ་འཁྲུངས་པས་སངས་རྒྱས་ཐམས་ཅད་མཆོད་པ་བས་བླ་མ་མཆོད་པ་བྱིན་རླབས་ཆེ་བར་གསུངས་པ་ཡང་དགེ་བཤེས་འདི་ལ་དངོས་སུ་བྱུང་སྟེ། བླ་མ་ལ་གསོལ་བ་བཏབ་པ་ན་སངས་རྒྱས་ཐམས་ཅད་ཀྱིས་བྱིན་གྱིས་བརླབས་ཏེ། ལྷག་པའི་ལྷ་མང་པོའི་ཞལ་གཟིགས་པ་དང༌། སྤྱན་དང་མངོན་ཤེས་སོགས་གོང་མའི་ཡོན་ཏན་མཐའ་ཡས་པ་ཐུགས་རྒྱུད་ལ་འཁྲུངས། བླ་མ་གོང་མའི་མན་ངག་ཚིག་གཅིག་ཀྱང་ཆུད་མ་ཟོས་པར་ཐུགས་ལ་བཟུང་ནས་སྲས་ཀྱི་ཐུ་བོ་སངས་རྒྱས་དབོན་ལ་སོགས་པ་སྐལ་ལྡན་མཐའ་ཡས་པ་ལ་གདམས་ངག་འདོམས་པར་མཛད་དོ། །

              དགེ་སྦྱོར་ལ་བརྩོན་པ་ཤུགས་དྲག་ལ་རྒྱུན་རིང་བ་མཛད་པས་ཏིང་ངེ་འཛིན་མཚན་ཉིད་ཚང་བ་ཤིང་རྟ་ཆེན་པོའི་གཞུང་ལས་ཇི་ལྟར་གསུངས་པ་ལྟར་ཐུགས་རྒྱུད་ལ་འཁྲུངས་ཏེ། ཏིང་ངེ་འཛིན་མཚན་ཉིད་བཞི་ལྡན་ཐུགས་རྒྱུད་ལ་འཁྱུངས་ནས། རིན་པོ་ཆེ་ལ་རྟོགས་པ་ཕུལ་བས། ཁྱེད་ལ་ལོ་དྲུག་ཅུ་བདུན་ཅུ་ལོན་ཙ་ན་སེ་བོ་ཐལ་མོ་སྦྱོར་བ་ལོང་ངེ་བ་ཞིག་འོང་བར་འདུག་གི དེའི་དུས་སུ་འབུམ་པ་ཞིག་བརྩིགས་ཤིག་མ་བརྩིགས་ན་སད་ཆེན་པོ་ཧ་པ་ཡིན་ནོ་གསུངས། དགེ་བཤེས་རྟག་ཐོག་པའི་ཞལ་ནས། རིན་པོ་ཆེ་སྣེའུ་ཟུར་བ་ལ་ནུབ་གཅིག་ལ་རྟོགས་པ་འབུལ་བ་བཞི་བྱུང་བ་ལ། ཏིང་ངེ་འཛིན་མཚན་ཉིད་བཞི་ལྡན་ཐུགས་རྒྱུད་ལ་འཁྲུངས་པ་ཞིག་བྱུང་བས། དེ་ཁོ་ན་ལ་དད་པར་བྱུང་སྟེ། ཕྱིས་རྩད་དཔྱད་ཙ་ན་དགེ་བཤེས་རིན་ཆེན་སྒང་པ་དེ་ཡིན་པར་སྣང་གསུངས་སོ། །ཏིང་ངེ་འཛིན་གསལ་ཆ་ཤིན་ཏུ་ཆེ་བས་སངས་རྒྱས་དང་བྱང་སེམས་མང་པོའི་ཞལ་གཟིགས་ཏེ་ཡུམ་གྱི་པུས་མོ་ལ་བརྟེན་ནས་བྱ་ར་བྱེད་པའི་དུས་སུ་ལྷ་ཞིག་གི་ཞལ་མཐོང༌། དེ་ཙ་ན་ངོས་མ་ཟིན་པ་ལ་ཕྱིས་རྒྱུད་སྡེ་མཐོང་བས། གཤིན་རྗེ་གཤེད་ཡིན་པར་སྣང་གསུངས། སྣེའུ་ཟུར་ན་བཞུགས་པའི་དུས་སུ་ཇོ་བོ་མི་གཡོ་བའི་ཞལ་གཟིགས། སྣེའུ་ཟུར་བ་གཤེགས་ནས་དགུང་ལོ་ཉི་ཤུ་རྩ་དགུ་པ་ལ་ཡོན་བདག་ཀུན་གྱིས་གདན་དྲངས། དབྱར་གཅིག་ལྷབ་མོར་བཞུགས། ལམ་རིམ་ཚར་གཅིག་གསུངས། དེ་ནས་རིན་ཆེན་སྒང་དུ་བྱོན་ནས་གཙུག་ལག་ཁང་རྙིང་མ་དང་དགོན་པ་རིན་ཆེན་སྒང་ས་མོ་ཕག་ལ་རྨང་གཏིངས། འདིར་བཞུགས་པའི་དུས་སུ། ལྷོ་ཕྱོགས་ཀྱི་རྒྱུད་འདིར་བཅོམ་ལྡན་འདས་ཤཱཀྱ་ཐུབ་པ་ཞལ་གཟིགས།

          ལྷོ་ནུབ་མཚམས་སུ་སངས་རྒྱས་སྨན་གྱི་བླའི་ཞལ་གཟིགས། ནུབ་ཕྱོགས་རྒྱ་མཚོའི་འགྲམ་ན་ཇོ་བོ་ཐུགས་རྗེ་ཆེན་པོ་གངས་རི་ལྟ་བུའི་ཞལ་གཟིགས་པ་ཡིན་གསུངས། ཡང་ཁོང་རང་གི་སྐུ་ལུས་དཀྱིལ་འཁོར་གྱི་ལྷ་ཚོགས་སུ་གཟིགས་པ་དང༌། ལུས་གཞལ་ཡས་ཁང་དུ་སོང་བའི་ནང་ན་རིགས་ལྔ་བཞུགས་པ་ཞིག་གཟིགས། ཡང་གཟིམ་ཆུང་མཆོད་ཁང་གི་ཀ་བའི་རྩ་དེར་ཇོ་བོ་ཐུགས་རྗེ་ཆེན་པོ་དང༌། ཇོ་མོ་སྒྲོལ་མ་གཉིས་མཉམ་དུ་ཞལ་གཟིགས། ཇོ་མོ་ཕྱག་བརྒྱད་མ་ལ་དེའི་དུས་སུ་སྒྲུབ་ཐབས་དེའང་གསན། ཕྱིས་བྱ་ཡུལ་དུ་བྱོན་ནས་དགེ་བའི་བཤེས་གཉེན་བྱ་ཡུལ་བ་ལ་འདི་འདྲེའི་སྣང་བ་ཞིག་གདའ་ཞུས་པས། ངོ་མཚར་ཆེ་ཐ་མལ་པར་མི་གདའ་གསུངས། བྱ་ཡུལ་བའི་ཞལ་ནས་ཇོ་བོ་དགྱེར་སྒོམ་པ་ལ་དགོས་ཏེ་མི་མཆི་ནའང༌། འོ་ན་ཡང་འམ་བུས་དྲན་པ་གསོ་བ་ཙམ་ཞིག་བགྱི་གསུངས་ནས་ཇོ་མོ་ཕྱག་བརྒྱད་མའི་སྒྲུབ་ཐབས་ཚར་གཅིག་གསུངས་པས་སྔ་མ་ཇོ་མོས་དངོས་སུ་གསུངས་པ་དང་ཁྱད་མ་བྱུང་གསུངས།

                                                                                         རྩོམ་སྒྲིག་པ། མང་ར་བ།
        གསལ་འདེབས། 
               རྩོམ་འདིའི་པར་དབང་ངེད་དགེ་ལུགས་པའི་དྲ་བར་གཏོགས་པས་གང་འདོད་དུ་གཞན་དུ་མི་འགོད་པ་དང་། གལ་ཏེ་འགོད་ན་རྩོམ་ཁུངས་དང་སྦྲེལ་ཐག་གསལ་པོར་དགོད་པར་ཞུ།
              དྲ་བའི་སྦྲེལ་ཐགhttp://www.tb1025.cn

བརྒྱུད་འགོད།