དགེ་བའི་བཤེས་གཉེན་དགྱེར་སྒོམ་པ་ཆེན་པོའི་རྣམ་ཐར་དང་བོ།

ཡོང་ཁུངས།   ངེད་དགེ་ལུགས་པའི་དྲ་བ།     སྤེལ་དུས།  2017-06-03 21:18:17     རྩོམ་པ་པོ།   ཡོངས་འཛིན་ཡེ་ཤེས་རྒྱལ་མཚན།     ཀློག་ཐེངས།  

43cec5e40ed605d61d2d8ef923b3d7d6_.jpg

              ཐེག་མཆོག་ལམ་གྱིས་རྒྱུད་སྦྱངས་དགྱེར་སྒོམ་ཞབས།ཞེས་བསྔགས་པ། དགེ་བའི་བཤེས་གཉེན་དགྱེར་སྒོམ་པ་ཆེན་པོ་ནི། བྲམ་ཟེ་དགྱེར་ལྷ་སྣང་གི་རིགས་སུ་སྣོན་གྱི་མདར་ཡབ་དགྱེར་ཤེས་རབ་སྐྱབས་དང༌། ཡུམ་གཡང་མ་ཀླུ་ལྕམ་གཉིས་ཀྱི་སྲས་སུ་ལྕགས་ཕོ་རྟ་ལ་འཁྲུངས། གཞོན་ནུའི་དུས་ནས་ཆོས་ཀྱི་བག་ཆགས་སད་པས་ཆོས་བཞིན་སྤྱོད་པས་དུས་འདའ་བ་ཞིག་བྱུང་ཞིང༌། དགུང་ལོ་བཅུ་གཉིས་ལོན་དུས་ཡབ་གྲོངས་པས་ཡུམ་གྱིས་བྱིས་པ་ཆེ་བ་གཉིས་ཕྲག་ཏུ་བཅུག ཆུང་བ་རྒྱབ་ཏུ་ཁུར་ནས་གཉེར་ན་ཞང་པོ་བྱན་དར་མ་རཏྣ་བྱ་བས་གཉེར་གྱི་དཔོན་མཛད་པས་དེ་ལ་གཏད་ནས་རྒྱལ་སྲས་འདི་གཉེར་དུ་དགུང་ལོ་བཅུ་གཉིས་ལ་རབ་ཏུ་བྱུང༌། མཚན་གཞོན་ནུ་གྲགས་པར་གསོལ། རབ་ཏུ་བྱུང་ཙམ་ཉིད་ནས་འདུལ་བའི་བཅས་མཚམས་རྣམས་ལེགས་པར་བསླབས་ཏེ་མིག་གི་འབྲས་བུ་ལྟར་གཅེས་པར་བསྲུང་ཞིང་བཀའ་གདམས་ཀྱི་ཆོས་སྤྱོད་འཛིན་པ་སོགས་ལ་བརྩོན་པ་ཆེར་མཛད་དོ། །

              དེ་ནས་གླང་རི་ཐང་པའི་ཕྱག་ཕྱིར་བྱོན་ཏེ། གླང་རི་ཐང་པའི་ཞར་ཆོས་པ་འདུལ་བ་འཛིན་པ་ཞིག་ལ་འདུལ་བ་གསན། དེ་ནས་བྱ་ཡུལ་བ་ཆེན་པོ་གཉེར་དུ་བྱོན་པ་ཞིག་ལ་ཚོགས་ཆོས་གསན། བྱ་ཡུལ་བས་ཚོགས་ཆོས་ཀྱི་སྔ་ཤོས་གཉེར་དུ་གནང་པ་ཡིན་པ་འདུག དེའི་དུས་སུ་དགེ་བཤེས་དགྱེར་འདིའི་བསླབ་པའི་སློབ་དཔོན་ཞིག་གི་ཞལ་ནས། བྱ་ཡུལ་བ་ལ་འདི་ཐུགས་ལ་གདགས་པར་ཞུ། འདི་ལ་རེ་ཆེ་བ་ལགས་འདིས་སྡོམ་པ་བླངས་པའི་ནུབ་མོ་སཱཙྪ་ལེགས་པ་ཀོར་པོར་ནས་ཕྱུང་བ་རྨིས་གསུངས་པ་ལ། བྱ་ཡུལ་བའི་ཞལ་ནས། སྐྱེ་བ་སྔ་མའི་སློབ་དཔོན་ཞིག་ཡིན་པར་འདུག་གསུངས་ནས་དགེ་བཤེས་བྱ་ཡུལ་བ་ཆེན་པོས་དབུ་ཞྭ་ཕུད་དེ་དགྱེར་སྒོམ་པའི་དབུ་ལ་གསོལ་ནས་ཕྱག་བཞག་བྱིན་རླབས་མཛད། སྒོམ་ཆེན་ཆེ་ངེས་པ་ཞིག་ཅི་འོང་བྱེད་དགོས་བསོད་ནམས་ཅན་ཞིག་འོང་བར་འདུག་གི་ང་བས་ཀྱང་ཁྱོད་བསོད་ནམས་ཆེ་བ་ཡིན་གསུངས༌། ཕྱིས་སུ་སོང་ཙ་ན་བྱ་ཡུལ་བ་ཆེན་པོ་ལས་ང་ཚེ་རིང་བར་བྱུང༌། དེའི་སྟོབས་ཀྱིས་བསམ་པ་ཐམས་ཅད་འགྲུབ་པར་བྱུང་གསུངས།ཉིན་ཞིག་བྱ་ཡུལ་བ་སྐྱོ་སངས་ལ་འབྱོན་པའི་ཕྱི་ན་ཕར་བྱོན་པས་མེ་ཏོག་ཁུག་ཆོས་གཙང་སིང་བ་གསུམ་རྙེད། བྱ་ཡུལ་བ་ལ་ཕུལ་བས་རྟེན་འབྲེལ་བཟང༌། ཁྱོད་ལ་སྡེ་སྣོད་གསུམ་པ་ཞིག་བྱ་དགོས་གསུངས། དེ་ནས་བྱ་ཡུལ་བ་ཆེན་པོ་བསམ་སྦྱོར་གཉིས་ཀྱིས་ཚུལ་བཞིན་དུ་བསྟེན་ཏེ་གཙོ་བོར་ལམ་རིམ་གྱི་ཁྲིད་དང་གཞན་ཡང་བྱ་ཡུལ་བ་ལ་མངའ་བའི་ཆོས་རྣམས་མ་ལུས་པར་གསན། བྱ་ཡུལ་བ་ལ་ལམ་རིམ་གྱི་ཁྲིད་ཇི་ལྟར་གསན་པ་ལྟར་ཐུགས་ཉམས་སུ་བཞེས་ཤིང་ཆོས་གང་གསན་པ་ཐམས་ཅད་ཚིག་གཅིག་ཀྱང་ཆུད་མ་ཟོས་པར་མཁྱེན་རབ་རླབས་ཆེན་པོས་ལེགས་པར་བཟུང་ནས་མཉེལ་བ་མེད་པར་མཛད་དེ་དགེ་བཤེས་དགྱེར་སྒོམ་པ་རང་ཉིད་ཀྱི་ཞལ་ནས། ངས་བྱ་ཡུལ་བ་ཆེན་པོའི་ཞལ་ལས་གང་ཐོས་པ་ཐམས་ཅད་ད་དུང་མ་བརྗེད་པར་གསལ་བར་ཡོད་གསུངས།

              དེ་ནས་དགེ་བཤེས་རྩི་སྒོམ་པ་བྱ་བས་སྣེའུ་ཟུར་དུ་བྱོན་ནས།ངེད་ཅག་གི་དེ་ན་བཙུན་ཆུང་བློ་རྣོ་བ་འདི་ལྟ་བུ་ཞིག་བདོག འདི་ཁའི་སྤྱན་སྔར་བྱུང་ན་ཐུགས་ལ་འདོགས་པར་ཞུ་བྱས་པས་ཐུགས་མཉེས་ནས་དེ་ཁྲིད་ལ་ཤོག་གསུངས། དེ་ནས་རྩི་སྒོམ་གྱིས་དགྱེར་སྒོམ་ལ་སྤྲས་ཀྱི་ཐོད་པ་བྱ་བ་ན། དགེ་བཤེས་སྣེའུ་ཟུར་བ་བྱ་བ་ཇོ་བོ་མི་གཡོ་བའི་སྐུ་ལ་བརྟན་པ་ཐོབ་པ་ཞིག་ཡོད་པས་ཁྱེད་དེར་སོང༌། ཐུགས་ལ་འདོགས་པར་འདུག་གི་གསུང༌། དེ་ནས་དགེ་བཤེས་དགྱེར་སྒོམ་གྱིས་སྣེའུ་ཟུར་དུ་འབྱོན་པའི་ཐུགས་དགོངས་གཏད། སང་འབྱོན་པའི་དོ་ནུབ་སྣེའུ་ཟུར་གྱི་གཟིམ་ཁང་དང༌། བྲང་ཁང་དང་འབུམ་པ་ལ་སོགས་པ་ཇི་ལྟ་བ་བཞིན་གཟིགས། སང་ནང་པར་གཞན་ལ་ལ་བྱོན་ཏེ་བྱན་གྱི་ཕུ་བཅད། ལ་མོའི་ཕུ་དང་ཀ་བ་ཀླུངས་ལ་བྱོན། ཡུང་བར་དགོང་མོ་ཕྱི་བར་སླེབ། སྒོམ་ཆེན་པ་ཞིག་གིས་གནས་ཁང་དང་གནས་མལ་ཤིན་ཏུ་འཛོམ་པ་ཞིག་ཐུགས་ལ་བཏགས། དེ་ནས་སང་ཁམས་པ་ལུང་པའི་གྲྭ་པ་ཚན་གཅིག་དང་འགྲོགས་ནས་ཁམས་པ་ལུང་ལ་བྱོན། དེར་ཞག་གཅིག་བཞུགས། ནང་པར་ཁམས་ལུང་ནས་སྣེའུ་ཟུར་དུ་འགྲོ་བ་ཚན་གཅིག་དང་འགྲོགས་ནས་བྱོན་པས་འཕྱི་མོ་ལས་མ་སླེབས། དེར་སྤྱན་སྔར་བྱོན་པས། ཁྱེད་གང་ནས་བྱོན་པ་ཡིན་གསུངས། ཁོ་བོ་སྣོན་ནས་མཆིས་པ་ལགས་ཞུས་པས། འོ་ན་རྩི་སྒོམ་གྱིས་ཟེར་བ་དེ་ཡིན་ནམ་གསུངས། ལགས་ཞུས་པས། ད་ངོ་ཤེས་འདྲ་ཡོད་ན་དོ་ནུབ་དེར་ཉོལ་ལ་སང་ཁ་སྣང་མིག་སྣང་ལ་ཤོག་གསུངས།

              ནངས་པར་བྱོན་པས་ཇོ་བོ་མི་གཡོ་བའི་དམིགས་སྐོར་གསུམ་གྱི་བཟླས་ལུང་དང༌། ཁ་འབར་མའི་གཏོར་མ་གཉིས་གནང་ནས་དེ་ཡི་གེ་ཞིག་ལ་འཛིན་དགོས་གསུངས། ཇི་ལྟ་བ་བཞིན་ཟིན་བྱུང་ལགས་ཞུས་པས། ཁྱེད་ཀྱིས་ནི་ཁོ་བོ་ཐུགས་ལས་ཆུང་ངུར་གཞོལ་བས་ཆོག་པ་ཞིག་འོང་བར་འདུག་གོ་གསུངས། ད་ཁྱོད་འདིར་སྡད་ཆོག་གམ་གསུངས་པ་ལ། ད་རེས་སྐོར་གཅིག་འགྲོ། རྒྱགས་ཀྱི་རྩོལ་བསྒྲུབ་བྱས་ནས་འོང་བ་ལགས་ཞུས་པས། འོ་ན་ཅི་ཐོན་གྱིས་ཤིག་གསུངས་ནས་མར་ཚུད་གཅིག ཇ་བཟང་པོ་མོན་ཞལ་གང༌། སྐུ་འགག་གསོལ་འཕྲོ་གཅིག་རྣམས་གནང༌། དེ་ནས་ཚུར་བྱོན་ནས་རྒྱགས་ཀྱི་རྩོལ་བསྒྲུབ་བྱས་ཏེ་སྤྱན་སྔར་བྱོན་ཙ་ན། ད་ཁྱོད་ངའི་གཡོག་བྱེད་དམ་ཆོས་སེམས་གསུངས་པ་ལ། ཆོས་སེམས་ལགས་ཞུས་པས། འོ་ན་ཆོས་སེམས་པ་ལ་ཁང་པ་རང་དབང་ཐོབ་པ་ཞིག་དགོས་གསུངས་ནས། གསེར་ཞོ་དོ་སྐུ་རྐེད་ལས་ཕྱུང་ནས། འདིས་ཁང་ཆུང་ཞིག་ཉོས་གསུངས། དེ་ནས་གདམས་ངག་བཏབ་སྟེ་གཞན་རྣམས་ཀྱིས་ང་མ་རྙེད་པར་འདུག་སྟེ། ངས་ཁྱོད་ཕར་བཙལ་བ་ཡིན་ནོ་དགེ་སྦྱོར་གྱིས་གསུངས་ནས་གདམས་ངག་ཐམས་ཅད་ཚར་བ་མཛད་དེ་ཐུགས་ལ་ཤིན་ཏུ་བཏགས། སྣེའུ་ཟུར་དུ་བཞུགས་རིང་ཆོས་གསན་པའི་སྐབས་མ་གཏོགས་མཚམས་ལ་བརྟེན་ནས་དགེ་སྦྱོར་ལ་བརྩོན་པར་མཛད།

              ཚོགས་ཆོས་ཐུན་གཅིག་ཆག གཞན་ཡེ་མ་ཆག་པར་ནན་ཏན་བྱས་པ་ཡིན་གསུངས། ངས་སྣེའུ་ཟུར་དུ་ལོ་དགུ་བསྡད་དེ་དབྱར་དགུན་བསྡད་ནས་སྟོན་དཔྱིད་འགྲོ་ཡིན་མ་བྱས་གསུངས། དེ་དུས་སྣེའུ་ཟུར་བ་ལ་ཚོགས་པ་ཤིན་ཏུ་ཆེ་ན་སེམས་ཅན་ལ་ཕན་ཐོགས་པ་བག་རེ་གདའ་འམ་ཞེས་གཞན་གྱིས་ཞུས་པ་ལ། ཕྱ་པའི་བཙུན་ཆུང་འདི་ལ་རེ་བ་ལགས་གསུང་བར་གདའ། དེ་ཙ་ན་བྲང་དཔོན་ཕྱ་པ་ཞིག་ཡོད་པས་དགེ་བཤེས་འདི་ལ་ཕྱ་པའི་བཙུན་ཆུང་བར་གྲགས། སྣེའུ་ཟུར་བས་ཚོགས་སུ་ཡང་ཁྱེད་རྣམས་ཁོ་ལ་མ་འགྲན་པར་དགེ་སྦྱོར་བྱེད་ཆུག་གསུངས་ནས། སུ་དང་ཡང་མི་མཉམ་པར་མཛད། དེ་ནས་སྒོམ་པ་ལ་གཙོ་བོར་མཛད་པས་དགྱེར་སྒོམ་ཆེན་པོ་ཞེས་གྲགས་སོ། །

                                                                                                                                           རྩོམ་སྒྲིག་པ། མང་ར་བ།
              གསལ་འདེབས། 
                          རྩོམ་འདིའི་པར་དབང་ངེད་དགེ་ལུགས་པའི་དྲ་བར་གཏོགས་པས་གང་འདོད་དུ་གཞན་དུ་མི་འགོད་པ་དང་། གལ་ཏེ་འགོད་ན་རྩོམ་ཁུངས་དང་སྦྲེལ་ཐག་གསལ་པོར་དགོད་པར་ཞུ།
                          དྲ་བའི་སྦྲེལ་ཐགhttp://www.tb1025.cn

བརྒྱུད་འགོད།