དགེ་བའི་བཤེས་གཉེན་བྱ་ཡུལ་བ་ཆེན་པོའི་རྣམ་ཐར་གཉིས་པ།

ཡོང་ཁུངས།   ངེད་དགེ་ལུགས་པའི་དྲ་བ།     སྤེལ་དུས།  2017-05-25 20:49:52     རྩོམ་པ་པོ།   ཡོངས་འཛིན་ཡེ་ཤེས་རྒྱལ་མཚན།     ཀློག་ཐེངས།  

77996044631369659.jpg

              ལན་ཅིག་སྤྱན་སྔའི་ཞལ་ནས། ཁྱོད་ཀྱིས་ཆ་བ་དེར་ཅི་བཏབ་བམ། མདང་ད་ནངས་ཤེད་ཨེན་རེ་སྐྱེས་གསུངས། ཟླ་བ་གཅིག་ལ་ན་བཟའ་དྲོད་མ་རང་ཡང་བཅུ་གསུམ་ཕུལ་གསུངས། ངས་རིན་པོ་ཆེ་དེ་རྫས་ཡོ་བྱད་དད་པ་ཤེས་རབ་ཀྱིས་མཉེས་པ་མ་ལགས་ཏེ། ལུས་ལ་ཞོ་ཤ་ཡོད་པས་ཤ་ཁྲག་ལྦུ་བར་སོང་སོང་དུ་འབུངས་པ་ཡིན། ད་ལྟ་མཁས་བཙུན་སྟོན་སྒོམ་ཐམས་ཅད་འདུན་པ་འདི་ཡང་དགེ་བཤེས་དེ་མཉེས་པར་བྱས་པ་ལས་བྱུང་བ་ཡིན་གསུངས། ལན་ཅིག་ཡུལ་དུ་བྱོན་ནས་ཐུགས་རྩོལ་མཛད་པས་གསེར་སྲང་བཅུ་གཉིས་རྙེད། སྟོད་ལུང་པས་བརྒྱད་གནང་བྱུང་བས་གསེར་སྲང་ཉི་ཤུའི་འབུལ་བ་མཛད། སྤྱན་སྔ་འདའ་ཁ་མ་འོངས་པ་ན་ཐུགས་ལ་གདགས་པར་ཞུ་ཞུས་པས། སྤྱན་སྔའི་ཞལ་ནས། ཇི་སྲིད་ཆོས་ཀྱི་སྐུ་ཞིག་ཏུ་མ་གྱུར་གྱི་བར་དུ་འུ་ཅག་གཉིས་ཕ་སྤད་བྱེད་པ་ཡིན་མོད་གསུངས་ཏེ་ང་དེ་ལ་རེ་བ་ཡིན་གསུངས། སྤྱན་སྔ་གཤེགས་རྟིང་ཕུ་ཆུང་བ་དང༌། པོ་ཏོ་བའི་སར་གསེར་སྲང་རེའི་འབུལ་བ་བསྐྱལ། པོ་ཏོ་བའི་ཞལ་ནས། ངའི་འདིར་སྡོད་ཁང་པ་ཡང་རྩིགས། རྒྱགས་ཀྱང་ངས་སྦྱར་ཏེ་སྒོམ་དུ་གཞུག་གི་གསུངས་པ་ལ། སྟོད་ལུང་པས་བཀྱོན་གྱི་དོགས་ནས་མ་བཞུགས་གསུངས། ཕུ་ཆུང་དུ་བྱོན་དུས་ཇོ་བོ་མི་གཡོ་པའི་ཞལ་གཟིགས། སྤྱན་སྔའི་ཐུགས་དམ་ཡིན་པས་མྱ་ངན་སེལ་བ་ལ་བྱོན་པའི་ཆེད་དུ་གདའ། ལན་ཅིག་མགོན་པོ་གྲི་གུག་ཐོད་པ་ཅན་གྱི་ཞལ་གཟིགས།ཐུགས་རྗེ་ཆེན་པོའི་རིགས་དཔག་ཏུ་མེད་པའི་ཞལ་གཟིགས། ནས་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་དཔག་ཏུ་མེད་པའི་ཞལ་གཟིགས་གསུངས།

              ལན་ཅིག་བྲུལ་གྱིས་ར་བ་སྐོར་བར་བཞུགས་དུས་སྐྱོ་སངས་ལ་བྱོན་པས། སློབ་དཔོན་ནཱ་ག་བོ་དྷི་དང་ཞལ་མཇལ་ཞིང་ཆོས་གསུངས། དེ་ནས་ནང་དུ་བྱོན་ནས་མཆོད་པ་ཕུལ་གསོལ་བ་བཏབ་པས། མཁའ་འགྲོ་མ་མང་པོ་གར་བྱེད་ཅིང་བྱུང་བ་ཞལ་གཟིགས་གསུངས། སྤྱན་སྔ་འདའ་ཁར་ཁྱོད་འཚེངས་བྱ་བ་ལན་གསུམ་གསུངས། ཁྱོད་མི་ཆོས་ཀྱི་ཡུལ་དུ་མ་འགྲོ་དགེ་སློང་མ་བྱེད་གསུངས་པ་ལ། ཕྱིས་མང་ར་སྒོམ་པའི་ཞལ་ནས། བྱ་ཡུལ་བ་ལ་ཁྱོད་དགེ་སློང་བྱ་དགོས་གསུངས་པས།སྤྱན་སྔ་ལ་གསོལ་བ་བཏབ་སྟེ་རྨི་ལམ་བརྟག་པར་མཛད་པས། གདུང་རྟེན་གཅིག་ལ་ལུགས་ལན་གཉིས་མི་དགོས་བྱ་བ་ཞིག་བྱུང༌། དེར་མི་གནང་བ་ཡིན་སྙམ་ཡོད་ཙ་ན་དགེ་བཤེས་མང་རས་དབང་མ་བྱུང་བས།ཡང་དགེ་སློང་བྱེད་པར་གསོལ་བ་བཏབ་པས། སྣམ་སྦྱར་རྒྱ་གར་མ་ཞིག་གནང་བ་རྨིས་ནས། དགེ་སློང་བྱེད་པར་གནང་བ་བྱུང་སྙམ་ནས་མཁན་པོ་འཆད་འུ་པས་མཛད། མང་རས་ལས་སློབ། རྒྱ་ཤེས་རབ་འབར་གྱིས་གསང་སྟེ་བ་མཛད་ནས་བསྙེན་པར་རྫོགས། དེ་ནས་གླང་རི་ཐང་པ་ལ་མདོ་རྩ་ཚར་གཅིག་གསན། རྒྱ་ཤེས་རབ་འབར་ལ་ཚར་གཉིས། སྟོད་ལུང་གི་སློབ་དཔོན་ཤེས་རབ་བླ་མ་ལ་ཚར་གཅིག་སྟེ་ཚར་བཞི་ཉན་གསུངས། གཞན་གྱིས་ཆོས་གསན་དུས་ན་ཟིན་བྲིས་མཛད་དམ་མ་མཛད་ཞུས་པས། ཟིན་བྲིས་འདྲ་བས་གར་ཡང་མི་ཕྱིན། ཆོས་ཐམས་ཅད་དུས་ལ་ལམ་གྱིས་ཤེས་དགོས་པ་ཡིན་གསུངས། སྤྱན་སྔའི་ཞབས་ཏོག་ལོ་དགུ་མཛད་དེ། རྟག་ཏུ་ངུས་ཆོས་འཕགས་བསྟེན་པ་དང༌། འབྲོམ་རིན་པོ་ཆེས་ཇོ་བོ་བསྟེན་པ་དང་མཚུངས་པར་ལམ་གྱི་རྩ་བ་བཤེས་གཉེན་བསྟེན་ཚུལ་ལ་རྒྱལ་བ་སྲས་བཅས་ཀུན་གྱིས་བསྔགས་འོས་སུ་གྱུར་པ་ཞིག་མཛད། དགུང་ལོ་ཉི་ཤུ་རྩ་དགུའི་ཐོག་ཏུ་སྤྱན་སྔ་བ་སྐུ་གཤེགས། དེ་ནས་ལོ་བཞི་སྐུ་མཚམས་ལ་བཞུགས།

              ཚོགས་བསྡུས་པའི་སྔ་ཤོས་གཉེར་དུ་བྱན་དར་མ་རཏྣས་སྤྱན་དྲངས་ཏེ་ཆོས་གསུངས། དེ་ནས་དགོན་པ་འདེབས་པར་དགོངས་པ་ལ། བྱ་ཡུལ་གྱི་ཤུལ་དེ་ན་སྔགས་བཙུན་བཟའ་མི་གཉིས་ཡོད་པས། དེ་གཉིས་ཀྱིས་གནས་དེ་ཞ་པ་ལ་ཕུལ། ཞ་པས་གླང་རི་ཐང་པ་ལ་ཕུལ། ཁོང་གིས་བརྟག་པ་མཛད་པས་ས་དེ་གཉན་པར་འདུག་གསུངས་ནས་མ་བཞེས། སླར་ཞ་པས་བྱ་ཡུལ་བ་ལ་ཕུལ་བས་ཐུགས་དགྱེས་ཏེ། ས་བདག་ཕལ་ཆེ་བ་གནས་གཞན་དུ་སྤོ་བའི་ཆོ་ག་མཛད། ཀླུ་གཉན་ཆེ་བ་གཅིག་གི་སྟེང་དུ་གཟིམ་མལ་བཅས་ནས་བཏུལ། དེ་ནས་ས་དེ་ཕ་བོང་ཐག་ཐུག་ཏུ་ཡོད་པ་ལ་ལ་བཅག ལ་ལ་སྦེད་པ་ལ་སོགས་པའི་རྩོལ་བ་ཆེན་པོ་མཛད་དེ། དབུ་རྩེ་ཀ་བ་བཅུ་གཉིས། ཁྱམས་ཀ་བ་བཞི་བཅུ་རྩ་གཉིས་ཡོད་པ་རྣམས་ཤིང་ཕོ་རྟའི་ལོ་ལ་རྨང་བཏིངས་ནས། ལོ་བཅུ་གསུམ་པ་མེ་རྟའི་ནང་ཆུན་དུ་དགོན་པ་གཏོར་ཚུགས་ཡན་རྫོགས་པར་གྲུབ། ཤ་ར་བ་དང་ཡང་ཐུགས་གཅུགས་པས་ཁོང་གི་གྲྭ་པ་རྣམས་ཀྱང་གཙུག་ལག་ཁང་བརྩེག་པའི་ལས་མི་ལ་བཏང༌།ཉེ་གནས་ཤེར་སེང་བྱ་བས་ཤིང་རྣམས་ཉང་པོ་ནགས་ཤོད་ནས་དྲངས། དབུ་རྩེ་ཚར་ནས་ཤེར་སེང་ན་རེ།ཆེན་པོ་ཞིག་ནི་ཚར།ད་ཁེངས་པར་མཛོད་ཅིག་ཟེར་བ་ལ་དགེ་བཤེས་ཀྱི་ཞལ་ནས་ཤོང་བར་གྱིས་ཤིག་གསུངས། ཁྱམས་སྟོད་ཚར་ཁྱམས་སྨད་མ་ཚར་བ་ལ་གནས་བརྟན་སེ་ཆུང་བྱ་བས་ཤེར་སེང་ལ་དུག་བཏང་བས། འཆི་ཁར་དགེ་བཤེས་ཀྱིས་ཁྱོད་འཇིགས་མི་དགོས། ང་དང་ལྷན་དུ་འོང་གི་གསུངས་ནས་བུམ་ཆོག་མཛད་པས་ངན་སོང་ནས་ཐོན་གསུངས། གཙུག་ལག་ཁང་ལེགས་པར་ཚར་ནས་དབུ་རྩེར་འབུམ་ཆ་བདུན་ཅུ་ཙམ་གྱིས་ཐོག་དྲངས་པའི་རྟེན་དང་བཅས་པ་ས་རྒྱན་གནམ་རྒྱན་མི་ཤོང་བ་ཙམ་བྱུང༌། སྤྱན་སྔའི་ཐུགས་བཞུགས་པའི་དངུལ་གྱི་གདུང་ཁང་དར་ཅོག་ཅན་ལ་སོགས་པ་དགེ་བཤེས་ཉིད་ཀྱིས་བཞེངས་པའང་མང་དུ་ཡོད་དོ། །

              ལན་ཅིག་ཚོགས་སུ་དགེ་བཤེས་ཀྱི་ཞལ་ནས།གཙུག་ལག་ཁང་བཞེངས་པ་རྒྱལ་བློན་བྱང་ཆུབ་སེམས་དཔའི་ལས་ཡིན། རབ་ཏུ་བྱུང་བའི་ལས་མིན་ཟེར་ཏེ། སྔོན་གྱི་དུས་སུ་སློབ་དཔོན་སངས་རྒྱས་ཡེ་ཤེས་ཞབས་ཀྱིས་གཙུག་ལག་ཁང་བཞེངས་པ་དང༌། ཇོ་བོས་བལ་ཡུལ་དུ་ཐང་བི་ཧ་རའི་གཙུག་ལག་ཁང་བཞེངས་པས་ཆོས་ཚུགས་ཤིན་ཏུ་བཟང་བར་བྱུང་བ་དང༌། ཇོ་བོའི་བཀའ་ལུང་གིས་དགེ་བཤེས་སྟོན་པས་རྭ་སྒྲེང་གི་གཙུག་ལག་ཁང་བཞེངས་སུ་གསོལ་བ་ལགས། འུ་ཅག་གིས་ཀྱང་བླ་མ་རྣམས་ཀྱི་ཐུགས་དགོངས་བསྐང་བའི་ཆེད་དང༌། དཀོན་མཆོག་གསུམ་གྱི་ཞབས་ཏོག་དང༌། གཞན་ལ་ཕན་གདགས་པར་བྱ་བའི་ཆེད་དུ་བཞེངས་སུ་གསོལ་བ་ཡིན། འུ་ཅག་གིས་དེ་གོང་ལོ་བཅུ་གཉིས་བཅུ་གསུམ་གཞན་ལ་འཆི་བ་མི་རྟག་པ་ཤ་སྟག་བཤད་དེ། ང་རང་ལ་ཕྱི་ནང་གི་མི་རྟག་པ་རྣལ་མ་ཞིག་མདང་ད་ནང་རྒྱུད་ལ་སྐྱེས། ལས་འབྲས་ལ་ཡིད་ཆེས་པའི་དད་པ་རྣལ་མ་ཞིག་གདོད་རྒྱུད་ལ་སྐྱེས། འཁོར་བ་ལ་ཡིད་འབྱུང་རྣལ་མ་ཞིག བྱམས་སྙིང་རྗེ་བྱང་ཆུབ་ཀྱི་སེམས་རྣལ་མ་ཞིག ཀུན་རྫོབ་སྒྱུ་མ་ལྟ་བུ་ནས་གནས་ལུགས་ཕྱིན་ཅི་མ་ལོག་པའི་བར་ལ་ངེས་པ་རྣལ་མ་ཞིག་ཀྱང་གདོད་རྒྱུད་ལ་སྐྱེས། དེས་ན་ང་རང་ལ་གོ་བ་ཞིག་ཡོད་ཨང་གསུངས། དགེ་བཤེས་མཐའ་བཞི་སྒོམ་བརྩོན་གྱིས། བྱང་ཆུབ་སེམས་དཔའ་ཞི་བ་སྐྱོང་བྱ་བ་དེ་བྱ་ཡུལ་བ་ལ་ཟེར་བ་ཡིན་གསུངས་པ་དང༌། བྱ་ཡུལ་བ་ཕུ་ཆུང་ན་བཞུགས་དུས་མང་ར་སྒོམ་པའི་ཞལ་ནས། ད་ལྟ་ཕུ་ཆུང་ན་ཉན་ཐོས་ཀྱི་རྫུ་འཕྲུལ་གྱིས་འགྲོ་བའི་བྱང་ཆུབ་སེམས་དཔའ་ཞིག་སྨིན་བདོག་གསུངས། ལན་ཅིག་བྱ་ཡུལ་དུ་ལྷ་རྗེ་སྙི་སྒོམ་གྱིས་དགེ་བའི་བཤེས་གཉེན་ལགས། ཁྱེད་ཀྱི་ཐུགས་ལ་བདེན་པ་གཉིས་ཅི་ཙུག་སྐྱེས་གསུངས་པར་ཞུ་ཞུས་པས།དགེ་བཤེས་ཀྱི་ཞལ་ནས་ཀུན་རྫོབ་བྱང་ཆུབ་ཀྱི་སེམས་དང་དོན་དམ་བྱང་ཆུབ་ཀྱི་སེམས་རྒྱུད་ལ་སྐྱེས་གསུངས། དེ་ལ་སྙི་སྒོམ་གྱིས་རང་གི་སེམས་ཉིད་གཞིགས་ནས་སྟོང་པར་གཏོང་བ་ལགས་སམ། ཕྱི་རོལ་གྱི་ཡུལ་གཞིགས་ནས་སྟོང་པར་གཏོང་བ་ལགས་ཞུས་པས། དགེ་བཤེས་ཀྱི་ཞལ་ནས། མདའ་དུམ་ཁོང་དུ་བཞག་ནས་རྨ་ཁ་ཚིལ་བུས་བསྐུས་པའི་ཆོས་ཀྱིས་གར་ཡང་མི་ཕྱིན། རྐུན་མ་ནགས་ལ་སོང་བ་ལ་རྗེས་གྲམ་པ་ལ་དཔྱོད་པའི་ཆོས་ཀྱིས་གར་ཡང་མི་ཕྱིན་པས། རང་གི་སེམས་ཉིད་སྟོང་པར་གཏོང་བ་ཡིན། དེས་ཕྱི་རོལ་གྱི་སྒྲོག་རང་གྲོལ་ལ་འགྲོ། ཐམས་ཅད་སྟོང་པ་ཉིད་ཡིན་གསུངས།འདི་ཇི་ཙམ་ན་ཐུགས་ལ་འཁྲུངས་ཞུས་པས། ང་དང་པོ་སྤྱན་སྔའི་ཞབས་ཏོག་བྱེད་པའི་དུས་ན་སྐྱེས་པ་ཡིན་གསུངས། ཡང་རྗེ་སྒམ་པོ་པས་བླ་མ་རིན་པོ་ཆེ་འཁོར་ཟར་ཟིར་མང་པོ་དང་གཙུག་ལག་ཁང་བཞེངས་པ་སོགས་མཛད་པ་མང་པོ་འདི་རྣམས་ཀྱིས་ཐུགས་དམ་ལ་མི་གནོད་དམ་ཞུས་པས། མི་གནོད་གསུངས། ཡང་ལན་ཅིག་སློབ་མ་ཞིག་གཙང་དུ་འགྲོ་བ་ལ་ང་ལ་ལོ་ཁྱུད་སྐོར་ཞིག་འཇིག་རྟེན་གྱི་རྣམ་པར་རྟོག་པ་སྐྱེ་མ་མྱོང་བ་ཡིན། ང་ལ་གསོལ་བ་འབད་ལ་ཐོབ། བར་ཆད་མི་འབྱུང་ཞིང་བྱིན་རླབས་འབྱུང་གསུངས།ལན་ཅིག་དགེ་བཤེས་ཀྱི་ཞལ་ནས། བཀའ་གདམས་པའི་དགེ་བཤེས་མང་པོ་ཞིག་གིས་སྔགས་མི་ཤེས། ཤེས་ཀྱང་དགེ་བའི་བཤེས་གཉེན་ལ་ལུང་མ་ཐོབ། འུ་ཅག་གིས་སྔགས་ཤེས་པ་ཡིན། དགེ་བའི་བཤེས་གཉེན་ལ་ལུང་ལེགས་པར་ཐོབ་པ་ཡིན་པས་འཆད་འཚལ་གསུངས་ནས། གསང་སྔགས་ཀྱི་གདམས་པའང་མང་དུ་གནང་བར་མཛད།

              དགེ་བཤེས་ཤ་ར་བ་སུ་ལའང་མཉེས་པ་མེད་པ་ཞིག་ཡིན་ཏེ། བྱ་ཡུལ་བ་དེའི་ཐུགས་སུས་ཀྱང་དཔོགས་མི་ནུས་པ་ཞིག་སྣང་གསུང་སྐད། དགེ་བཤེས་ཤ་ར་བ་དབྱེ་གོང་དུ་བཞུགས་པ་ཞིག་ལ་ཕྱག་ལ་བྱོན། དེ་ནས་ཕྱིར་འབྱོན་ཁར་དགེ་བཤེས་ཤ་ར་བས་སྐྱེལ་ཐུང་མཛད་པ་ལ།བྱ་ཡུལ་བའི་ཞལ་ནས། མ་འོངས་པ་ན་དགའ་ལྡན་དུ་མཇལ་བར་ཞུ་གསུངས་པ་ལ། དགེ་བཤེས་ཤ་ར་བའི་ཞལ་ནས།འུ་ཅག་གཉིས་རྒན་པོ་མིན། ད་དུང་ཐེངས་གཅིག་མཇལ་གསུངས་པ་ལ། དེ་ནས་མ་མཇལ་བར་འདས། དེ་ནས་བྱ་ཡུལ་བ་རྣམས་ལ་ཁྱེད་རང་གི་མདུན་མ་བྱུང་ན། ཆས་རྐྱེན་གྱིས་འཐོགས་པ་མེད་ཀྱི་གསུངས་པ་དང༌། སང་ཕོད་མྱ་ངན་ལས་འདའ་བའི་ད་ལོ་སྤྱན་སྔའི་འདས་མཆོད་ལ་བུ་རམ་ལག་པས་ཐེག་ཚད་གཏོང་དགོས། སང་ཕོད་ནས་འགྲུབ་ངེས་མེད་གསུངས་པ་ལ། དགག་དབྱེའི་དུས་སུ་ལས་བྱེད་དཀོན་གཉེར་རྣམས་ཀྱིས་ད་རེས་འབུངས་ཤིག ཕྱིས་ནས་དགོས་ཏེ་མི་འོང་གསུངས་པ་དང༌། ཚུལ་ཐོན་ནས་གནས་བརྟན་བཙོན་འགྲུས་རྡོ་རྗེས་རབ་གནས་ཤིག་མཛད་ནས་འདི་ངའི་རབ་གནས་ཀྱི་ཕྱི་མ་ཡིན་གསུངས་ནས་མྱ་ངན་ལས་འདའ་བའི་གསུང་བྱོན།

                                                                                                                                    རྩོམ་སྒྲིག་པ། མང་ར་བ།
             གསལ་འདེབས། 
                      རྩོམ་འདིའི་པར་དབང་ངེད་དགེ་ལུགས་པའི་དྲ་བར་གཏོགས་པས་གང་འདོད་དུ་གཞན་དུ་མི་འགོད་པ་དང་། གལ་ཏེ་འགོད་ན་རྩོམ་ཁུངས་དང་སྦྲེལ་ཐག་གསལ་པོར་དགོད་པར་ཞུ།
                      དྲ་བའི་སྦྲེལ་ཐགhttp://www.tb1025.cn

བརྒྱུད་འགོད།