དགེ་བའི་བཤེས་གཉེན་བྱ་ཡུལ་བ་ཆེན་པོའི་རྣམ་ཐར་དང་བོ།

ཡོང་ཁུངས།   ངེད་དགེ་ལུགས་པའི་དྲ་བ།     སྤེལ་དུས།  2017-05-25 20:44:35     རྩོམ་པ་པོ།   ཡོངས་འཛིན་ཡེ་ཤེས་རྒྱལ་མཚན།     ཀློག་ཐེངས།  

1731dc1fe15d48d53a5376263988ab3f_.jpg

              བཤེས་གཉེན་ཚུལ་བཞིན་བསྟེན་མཛད་གཞོན་ནུ་འོད། །ཅེས་བསྔགས་པ། དགེ་བའི་བཤེས་གཉེན་བྱ་ཡུལ་བ་ཆེན་པོ་ནི། སྟོད་ལུང་གོལ་གོ་ལུང་དུ་ཡབ་གཡུང་དྲུང་འབར་དང༌། ཡུམ་སྟོད་ལུང་པའི་ལྕམ་མོ་གྱི་ལྗང་བཟའ་ལྕམ་བུ་གཉིས་ཀྱི་སྲས་སུ་ཤིང་མོ་ཡོས་ལ་འཁྲུངས། མཚན་འབུམ་རྟག་ཅེས་བཏགས། སྔོན་ཡུན་རིང་པོ་ནས་ལམ་ལ་སྦྱངས་པའི་བག་ཆགས་སད་པས་བྱིས་པའི་སྤྱོད་ཚུལ་རྒྱང་བསྲིངས་ཏེ་དམ་པའི་ཆོས་འཚོལ་བ་ལྷུར་མཛད་པ་ཞིག་ཡོད་པ་ལས། དགུང་ལོ་བདུན་པ་ལ་སྟོད་ལུང་པ་ཆེན་པོ་དང་མཇལ། དགེ་བའི་བཤེས་གཉེན་བསྟེན་ཚུལ་ཁྱད་པར་དུ་འཕགས་པ་ཞིག་ཡོད་པས་སྟོད་ལུང་པ་ཆེན་པོ་ཤིན་ཏུ་མཉེས་ནས་ཆོས་ཅི་རིགས་གནང༌། དེ་ནས་དགུང་ལོ་བཅུ་གཉིས་པ་ལ་ཚ་ཐོག་དགོན་པར་རྣལ་འབྱོར་པའི་སློབ་མ་སྒོམ་པ་བྱང་གྲགས་ཀྱིས་མཁན་པོ་དང༌། སྤྱན་སྔའི་སློབ་མ་ཡེ་ཤེས་རྒྱལ་མཚན་གྱིས་སློབ་དཔོན་མཛད་ནས་རབ་ཏུ་བྱུང༌། མཚན་གཞོན་ནུ་འོད་དུ་བཏགས།བཅུ་གསུམ་པ་ལ་གོལ་གོ་ལུང་གི་གཉེར་ལོ་གཅིག་མཛད། བཅུ་བཞི་པ་ལ་ཡུམ་འདའ་ལ་ཁད་པའི་སར་བྱོན་ནས་སྐྱབས་འགྲོ་དང་སེམས་བསྐྱེད་འབོགས་པར་མཛད། ཡུམ་གྲོངས་པ་གཟིགས་པས་རྐྱེན་བྱས་སྲིད་པ་མཐའ་དག་ལ་ཞེན་པ་ལོག་སྟེ་ཐུགས་ལ་སྐྱོ་ཤས་ཆེན་པོ་སྐྱེས་ནས་སྟོད་ལུང་པ་མར་གྲོ་ཟར་ན་བཞུགས་པའི་སར་དགུང་ལོ་བཅུ་དྲུག་ལ་བྱོན། བསླབ་བཏུས་སྤྱོད་འཇུག་ལ་སོགས་པའི་ལམ་གྱི་རིམ་པའི་མན་ངག་གི་གཞུང་རྣམས་ལེགས་པར་གསན་ནས་ཐུགས་ལ་ངེས་པར་མཛད། དགེ་བའི་བཤེས་གཉེན་སྟོད་ལུང་པ་ཆེན་པོ་བསམ་སྦྱོར་གཉིས་ཀྱིས་ཚུལ་བཞིན་དུ་བསྟེན་ཏེ་ཞབས་ཏོག་ལོ་ལྔ་ཙམ་ཞིག་མཛད།

              ལན་ཅིག་སྤྱན་སྔ་ཕྱོར་པ་ན་བཞུགས་པའི་སར། ལུང་པ་དཔོན་སློབ་གཉིས་ཀྱིས་མཇལ་དུ་བྱོན་པས། སྤྱན་སྔའི་མངོན་པར་ཤེས་པས་གཟིགས་ནས། ཇོ་བོ་སྟོན་པ་རེ་སྐྱིད་ན་འཁོར་འདི་ལྟ་བུ་ཡོད་པ་ཞེས་ཡང་ཡང་གསུངས་པས། དགེ་བའི་བཤེས་གཉེན་བཞེད་ན་འབུལ་ཞུས་པས། ཇོ་བོ་སྟོན་པས་ཅང་འབུལ་ཕོད་དམ་གསུངས་པས། མཉེས་པར་བྱུང་སྙམ་ནས། དར་ཡུག་གཅིག་བཏགས་ནས་ཕུལ་བས་ལོ་གཅིག་སོང་བ་ན་ཇོ་བོ་སྟོན་པ་རང་ལ་དགོས་གསུངས་ནས།ན་བཟའ་ཕྲུག་ཅིག་བསྐོན་ནས་སྟོད་ལུང་པའི་སར་བཏང༌། དེ་ཙ་ན་སྟོད་ལུང་པའི་ཞལ་ནས། ངའི་དགེ་བའི་བཤེས་གཉེན་མ་མཉེས་པར་བྱས་ཨང་གསུངས། མ་མཉེས་པར་མ་བགྱིས། སྟོན་པ་རང་ལ་དགོས་རྒྱུག་གསུངས་པས་འོངས་པ་ལགས་ཞུས་པས། འདི་ཅི་ཟེར་བ་ཡིན། ངས་ཁྱོད་ཕུལ་ཟིན་པ་ཡིན་པས་དོ་ནུབ་ལས་མ་སྡོད་པར་རྒྱུག་ཞིག་གསུངས། སྔར་བཀྱོན་པས་འཚེར་བ་ལ་ད་རེས་ལས་དགའ་བ་ཞིག་མ་བྱུང་གསུངས།དེ་ནས་སྤྱན་སྔའི་སྐུ་མདུན་དུ་བྱོན་པས་སྤྱན་སྔའི་ཞལ་ནས། འུ་ཅག་ཕ་བུ་གཉིས་ད་གདོད་སྐྱིད་གཅིག་བྱའོ་གསུངས། ལོ་དགུའི་བར་དུ་ཞབས་ཏོག་ཚུལ་བཞིན་དུ་མཛད་པས། སྤྱན་སྔ་མཉེས་པའི་གསུང་མང་པོའང་བྱོན།མཚན་མོ་མཎྜལ་བྱས་ནས་གསོལ་བ་བཏབ་པས། སྤྱན་སྔའི་ཕྱག་ན་རིང་བསྲེལ་མང་དུ་ཡོད་པ་འཕེལ།

              སྤྱན་སྔའི་ཞལ་ནས། ཁྱོད་ཁོ་ན་ཚེ་རབས་སུ་སྐྱིད་ཅིག་གསུངས།པོ་ཏོ་བའི་ཞལ་ནས། ཁྱེད་རྣམ་པ་ལས་དགའ་བ་ཞིག་སྨད་མ་གི་ན་ལི་མེའི་བུ་ལ་ཉེ་གནས་ཤིག་ཡོད་ཀྱི། ཁྱོད་དེར་སོང་ལ་ལྟོས་དང་མ་ཐའང་ཁོང་འཛུམ་པ་ཞིག་བྱས་ནས་གཏོང་གི་གསུངས། སྤྱན་སྔའི་གསུང་ནས། ཁྱོད་ཀྱི་ཤེས་རབ་འདིས་ལྷ་ས་སྙེ་ཐང་ཕྱགས་ཤིང་ཐོགས་པ་ཞིག་བྱས་ན་འོང་གསུངས༌། ཡང་ཁྱོད་ནི་ཐར་ཟིན་གྱི་ང་མ་འཇོག་ཅིག་གསུངས། སྤྱན་སྔ་ཤིན་ཏུ་མཉེས་པས། ཁོང་བཙུན་ཆུང་བྱུང་ཙ་ན། ངེད་རྒན་པོ་ཀུན་ཁྱི་དང་འདྲ་ཟེར་ནས་ཕྲག་དོག་བྱེད་པ་ཡང་བྱུང༌། ལན་ཅིག་སྟོད་ལུང་པས་སྤྱན་སྔ་མཇལ་དུ་བྱོན་ཙ་ན། བཙུན་ཆུང་འདི་ཅི་འདྲ་ཞུས་པས། ཁོ་སྒོར་སོང་ནས་བཤད་གསུངས་ནས་བྱ་ཡུལ་བ་སྒོར་བཞུད་པ་དང་བཙུན་ཆུང་འདིའི་དབང་དུ་བྱས་ན། དད་པ་ང་བས་ཆེ། ཤེས་རབ་ང་བས་ཆེ། བརྩོན་འགྲུས་ང་བས་ཆེ། སྙིང་རྗེ་ང་བས་ཆེ། ནམ་མཁའ་ལ་མདུང་བསྐོར་གསུངས། ཆོས་གསུང་ཚད་ཐམས་ཅད་ཀྱི་རྩར་འཇོག ལན་ཅིག་ཉན་ཕུའི་དགོན་པར་མང་ར་དང་བྱ་ཡུལ་བ་གཉིས་ལ་དབང་སྟབས་ཤིག་ཏུ་མཛད། སྤྱན་སྔས་རབ་གནས་ཀྱི་ཆོ་ག་རྣལ་མར་བསླབས་པ་དགེ་བཤེས་གོར་ཆེན་པོ་དང༌། མང་ར་སྒོམ་པ་གཉིས་ཡིན།

              སྨྱུག་རུམ་ན་བཞུགས་དུས། ཁྱོད་ལ་དགོས་གསུངས་ནས་རབ་ཏུ་གནས་པའི་ཆོ་ག་རྒྱས་པ་རྣལ་མ་ཞིག་བྱ་ཡུལ་བ་ལ་གདོད་བསླབས་པ་ཡིན་གསུངས། ཡང་སྤྱན་སྔའི་ཞལ་ནས། བྱ་ཡུལ་བ་ལ་ཁྱོད་སྒྲུབ་པ་པོ་ཞིག་འོང་སྙམ་ཙ་ན། ཚོགས་སྡུད་པ་ཞིག་འོང་བར་འདུག་གསུངས། ནུབ་ཅིག་གི་རྨི་ལམ་ན་འབུམ་པ་ཞིག་ལ་མེ་ལོང་མང་པོ་བཀབ་པ་ཞིག་རྨིས་ཞུས་པས། ཁྱོད་ཁོ་ན་རེ་སྡུག རྟག་ཏུ་མི་ངོ་ཞི་ཆེ་ལྟ་དགོས་བྱ་བའི་རྟགས་ཡིན་གསུངས་པ་ལ། དེ་ཐུགས་མད་པར་གདའ། དགེ་བའི་བཤེས་གཉེན་གྱི་ཞབས་ཏོག་བྱེད་ཙ་ན། གྲྭ་པ་དེ་ཙམ་ཞིག་གི་ངོ་ལྟ་དགོས་པ་བྱུང༌། ད་ལྟ་འདི་ཙམ་ཞིག་གི་ངོ་ལྟ་དགོས་བྱུང་གསུངས། མི་གཞན་གྱི་བསམ་པ་ལ། སྤྱན་སྔའི་ཞབས་ཏོག་ཁོ་ན་ལ་འཁོལ་བས་ཆོས་ཤེས་པ་ཅང་འོང་ངམ་སྙམ་ནས་དེ་སྐད་ཟེར་བ་ལ། ངའི་རྣ་བའི་ལམ་དུ་བྱུང་བས་ཆོག་པ་ཡིན་གསུངས། ནངས་ཤིག་ཐལ་བ་འབོད་དུ་བྱོན་པས།སྐས་གདང་གསུམ་པའི་ཁར་ཕེབས་པའི་ཚེ། བཀའ་སྡེ་སྣོད་ཀྱི་དོན་མ་ལུས་པར་ཐུགས་ལ་ལམ་གྱིས་ཤར། ཏིང་ངེ་འཛིན་གྱི་ངང་དུ་ཁྱུར་གྱིས་འགྲོ་བ་ཞིག་བྱུང་བས་བླ་མའི་ཞབས་ཏོག་ལ་ཡིད་ཆེས་ཏེ། སྐྱིད་སྨད་པའི་དགེ་བཤེས་འདི་རྣམས་བླ་མའི་ཞབས་ཏོག་ལ་མི་འབད་པར་ཐོས་པ་ཁོ་ན་ལ་འབད་པ་འདི་ནོར་བ་ཡིན་གསུངས།

                                                                                                                                            རྩོམ་སྒྲིག་པ། མང་ར་བ།
            གསལ་འདེབས། 
                       རྩོམ་འདིའི་པར་དབང་ངེད་དགེ་ལུགས་པའི་དྲ་བར་གཏོགས་པས་གང་འདོད་དུ་གཞན་དུ་མི་འགོད་པ་དང་། གལ་ཏེ་འགོད་ན་རྩོམ་ཁུངས་དང་སྦྲེལ་ཐག་གསལ་པོར་དགོད་པར་ཞུ།
                       དྲ་བའི་སྦྲེལ་ཐགhttp://www.tb1025.cn

བརྒྱུད་འགོད།