དགེ་བཤེས་སྤྱན་མངའ་བ་ཚུལ་ཁྲིམས་འབར་གྱི་རྣམ་ཐར་གཉིས་པ།

ཡོང་ཁུངས།   ངེད་དགེ་ལུགས་པའི་དྲ་བ།     སྤེལ་དུས།  2017-05-20 21:09:09     རྩོམ་པ་པོ།   ཡོངས་འཛིན་ཡེ་ཤེས་རྒྱལ་མཚན།     ཀློག་ཐེངས།  

8c980467d98e05845fe367512d4216b5_.jpg

             དེ་ནས་སྤྱན་སྔ་བས་རྭ་སྒྲེང་དུ་ཇོ་བོའི་སློབ་མ་རྣལ་འབྱོར་པ་ཆེན་པོ་དང༌།དགེ་བཤེས་དགོན་པ་སོགས་བསྟེན་ཅིང་ཚེ་འདིའི་བྱ་བ་ཐམས་ཅད་བློས་བཏང་སྟེ་བྱང་ཆུབ་ལམ་གྱི་རིམ་པ་སྒོམ་པ་ལ་དཀའ་སྤྱད་དྲག་པོའི་སྒོ་ནས་བརྩོན་པ་ལྷུར་མཛད། དེ་དུས་སྤྱན་སྔ་བ་འཚོ་ཆས་ཤིན་ཏུ་བཀྲེན་པས་ན་བཟའ་རྣམས་ཧྲལ་ཧྲུལ་དུ་གྱུར་ཏེ་མཐང་གོས་ལ་ཀོ་བའི་ལྷན་པ་བྱས་པས་སྤྱན་སྔ་ཀོ་ཤམ་པ་ཞེས་གྲགས་པ་བྱུང༌། ངེས་འབྱུང་ཤུགས་དྲག་པོས་རྒྱུད་བསྐུལ་ནས་མཚན་མོ་མནལ་ཡེ་མེད་པར་ལམ་རིམ་སྒོམ་པ་ལ་ཁོར་ཡུག་ཏུ་འབད་པས་རྣལ་འབྱོར་པ་ཆེན་པོས་བག་རེ་ཆོགས་དེ་ཙམ་བརྩོན་པ་ཆེས་ན་ཁམས་ལོག་ཉེན་ཡོད་གསུངས་པ་ལ། སྤྱན་སྔས་དེ་ལྟ་ལགས་ཏེ། དལ་འབྱོར་འདི་རྙེད་པར་དཀའ་བས་ཞེས་གསུངས་སྤྱན་སྔ་བ་ཐུགས་དམ་ལ་འཇུག་རེས་ཀྱིས། གང་ཚེ་རང་དབང་འཇུག་ཅིང་མཐུན་གནས་པ། །གལ་ཏེ་འདི་བདག་འཛིན་པར་མི་བྱེད་ན། །གཡང་སར་ལྷུང་བས་གཞན་དབང་འཇུག་འགྱུར་བ། །དེ་ལས་ཕྱིས་ནས་གང་གིས་སློང་བར་འགྱུར། །ཞེས་འཇུག་པ་ནས་གསུངས་པ་དེ་ལན་རེ་བཏོན་ཏེ་དལ་འབྱོར་རྙེད་དཀས་རྒྱུད་བསྐུལ་ཏེ་འཇུག ཡང་སྤྱན་སྔས་བྱ་ཡུལ་བ་ལ་དལ་བ་འབྱོར་པ་མིའི་ལུས་ཐོབ་པ་དྲན་ནམ་ཞེས་ཡང་ཡང་གསུངས་པར་མཛད་དེ། དལ་འབྱོར་དོན་ནི་རྙེད་དཀའ་དང་ནམ་འཆི་ཆ་མེད་དྲན་པས་རྒྱུད་བསྐུལ་ཏེ་སྐད་ཅིག་ཀྱང་ཡེངས་ལོང་མེད་པར་ལམ་རིམ་སྒོམ་པ་ལ་བརྩོན་པ་ཆུ་བོའི་རྒྱུན་བཞིན་མཛད་དོ། །

             དེ་ལྟར་སྒྲུབ་པ་དར་དྲག་ལ་རྒྱུན་རིང་བ་མཛད་པས་ལམ་གྱི་རིམ་པ་ལ་མྱོང་བ་ཕུལ་ཕྱིན་ཐོན་ཞིང༌། མེ་ལོང་གཡའ་དག་པ་ལ་གཟུགས་བརྙན་འཆར་བ་ཇི་བཞིན་དུ་སངས་རྒྱས་དང་བྱང་སེམས་མང་པོས་ཞལ་བསྟན་ནས་དངོས་སུ་བྱིན་གྱིས་བརླབས། ནངས་ཤིག་བཅོམ་ལྡན་འདས་གར་གྱི་དབང་ཕྱུག་ཕྱག་ཏུ་བུམ་པ་བསྣམས་པ་ཞིག་བྱོན་ནས་སྐུ་ཁྲུས་གསོལ་བས་སྐུ་ལུས་ཀྱི་མི་གཙང་བ་ཐམས་ཅད་སངས་ཀྱིས་དག་པའི་སྣང་བ་བྱུང༌། ལན་ཅིག་ཁོང་རང་ཇོ་བོ་མི་གཡོ་བ་ཞྭ་ཐེབ་ཆུང་ཆུང་གསོལ་བ་གཅིག་ཏུ་གཟིགས་སོ། །སྤྱན་སྔ་བ་འདི་ནི་རིག་གནས་མཐའ་དག་ལ་མཁས་པ་ཞིག་སྟེ། རྒྱ་ཡིག་རང་ཡང་རིགས་མི་འདྲ་བ་བདུན་ཙམ་མཁྱེན། ངས་ལོ་ཙཱ་བྱས་ཀྱང་འབྲིང་པོ་ཞིག་འོང་ངམ་སྙམ་པ་ཡིན། ངས་ཐེག་པ་ཆེན་པོ་གསང་སྔགས་ལ་ཕན་ཡོན་ཆེ་ཟེར་བ་རྣམས་ལ་བསྙེན་པ་ཚད་དུ་མ་བསྐྱལ་བ་མེད། ལས་ཚོགས་རྣམས་ལའང་ཉམས་སུ་མ་བླངས་པ་མེད། སཱཙྪ་གཅིག་པུའང་རི་དེའུ་ཙམ་བཏབ་པ་ཡིན། སྤང་སྤོས་གཅིག་པུའང་ཁང་པ་གང་བ་ཙམ་གཏམས་པ་ཡིན་གསུངས༌།དེ་ནས་ཤིང་མོ་ཕག་གི་ལོ་དགུང་ལོ་དྲུག་ཅུ་རེ་གསུམ་བཞེས་དུས་ལོ་དགོན་པ་གདབ་པར་དགོངས་ནས་རྒྱ་ཡོན་བདག་ལ་རྨི་ལམ་བརྟག་པ་ཞུས་པས།རྒྱའི་ཞལ་ནས་ཆོས་བགྲེས་པོ་ཞིག་ཡུལ་དུ་འགྲོ་ཟེ་བ་བྱུང༌། སྤྱན་སྔའི་ཞལ་ནས་རྨི་ལམ་རྣོ་གསུངས་སྐད།

             དེ་ནས་ཉན་དུ་བྱོན། ཡོན་བདག་བྱ་རྗེ་སྟོད་པས་མར་གྱི་མེ་ཏོག་མང་པོ་ཕུལ་བས་ངའི་ཡོན་བདག་དཔལ་གསུམ་ཕུ་བ་གསུངས་ནས་མཉེས། དེ་ནས་ལོའི་གཙུག་ལག་ཁང་ཀ་བཞི་མ་བཞེངས། རྟེན་གཙོ་ལ་དགེ་བཤེས་སྟོན་པ། རྣལ་འབྱོར་པ་ཆེན་པོ། དགོན་པ་བ་གསུམ་གྱི་ནང་རྟེན་དུ་དངུལ་གྱི་གདུང་ཁང་དང༌། གསེར་འབུམ་གཡུ་ཕྲ་ཅན། ཕྱི་རྟེན་དུ་མཆོད་རྟེན་གསུམ་བཞེངས། དེ་རྣམས་ཀྱི་རྩིག་འཕྲེང་རེ་རེ་ལ་རབ་ཏུ་གནས་པ་ལན་རེ་རེ་མཛད་ཅིང་སློབ་དཔོན་ནཱ་ག་བོ་དྷིས་ཀྱང་དེ་བཞིན་དུ་མཛད་པས་བྱིན་རླབས་ཤིན་ཏུ་ཆེ་བ་ལགས། བྱ་ཡུལ་བས་སྤྱན་སྔ་ལ། སློབ་དཔོན་ནཱ་ག་བོ་དྷི་ཞལ་གཟིགས་ཟེར་བ་མེད་དམ་ཞུས་པས། ཨ་ན་མ་བཙུན་ཆུང་འདྲ་འདྲིར་བཅུག་པའི་ཆོས་མི་འདྲི་བར། འདིར་མ་བཅུག་པའི་དེ་འདྲ་བས་ཅི་བྱ་གསུངས་ནས་མ་གནང༌། ཡང་ཞུས་པས་ངས་སློབ་དཔོན་ནཱ་ག་བོ་དྷིའི་ཞལ་མཐོང་ཆོས་ཐོས་ཁྱོད་རང་ཡང་གསོལ་བ་ཐོབ་དང་བྱིན་གྱིས་རློབ་པ་ཡིན་གྱི་གསུངས། སྔོན་རྭ་སྒྲེང་དུ་བྱོན་པ་ཞིག་ལ་ཕ་བོང་ཐང་ན་ཡར་སློབ་དཔོན་ནཱ་ག་བོ་དྷི་དགེ་བཤེས་སྟོན་པའི་རྣམ་པར་བྱས་ནས་བཞུགས་པ་ཞལ་གཟིགས། དེ་ནས་གར་བཞུད་ཆ་མེད་པར་བཞུད། ང་རང་དད་གུས་ཆུང་བས་ལན་སྙམ་ནས་གསོལ་བ་ཤུགས་དྲག་བཏབ་པས་དངོས་སུ་བྱོན་ནས་བྱིན་གྱིས་བརླབས། ཆོས་བཞི་ཚན་བཞི་ལ་སོགས་པ་གདམས་པ་དང་རྗེས་སུ་བསྟན་པ་མང་དུ་སྩལ་ལོ། །

             དེ་ནས་དགེ་བཤེས་སྤྱན་སྔ་བས་སྨྱུག་རུམ་དུ་བྱོན་ཏེ་ཕ་བོང་དཀར་ལེབ་བྱ་བའི་སྟེང་ནས་བྱ་ཡུལ་གྱི་རྒྱབ་རི་གཟིགས་པས།རི་དེ་རྒྱལ་བའི་གཙུག་ཏོར་འདྲ། །ཡན་ལག་བརྒྱད་ལྡན་ཆུ་བོ་འབབ། །དེ་ཡི་ཤར་ལྷོའི་ཕྱོགས་མཚམས་ན། །ཚེ་དང་ལྡན་པའི་དགོན་གནས་ཡོད། །རི་བྱ་ཡུལ་ཡུལ་བ་ཕ་གིའི་ཐད་དུ་གཙུག་ལག་ཁང་བཞེངས་ནས་སེམས་ཅན་ལ་ཕན་པ་རྒྱ་ཆེན་པོ་གྱིས་ཞེས་ལུང་བསྟན། དར་ཞབས་རྗེས་ཀྱང་བྱོན། དེ་ནས་ཅུང་ཟད་བསྙེལ་བའི་དུས་ཤིག་རྣལ་འབྱོར་པ་ཆེན་པོ་གར་གཤེགས་གསུངས།དེ་ནི་རྣལ་འབྱོར་པ་ཆེན་པོ་དང་མཇལ་བར་ངེས། ཡང་ལན་ཅིག་ཉི་མ་ཤར་ཨང་གསུངས། ལན་ཅིག་འཁོར་ལོ་འཁོར་ཨང་གསུངས། ཅི་ལགས་ཞུས་པས། འཇམ་དཔལ་བརྟན་པའི་འཁོར་ལོ་གསུངས། དེ་སྔར་མ་མྱོང་པའི་བདེ་བ་ཞིག་མྱོང་བར་སྣང་གསུངས། དེ་ནས་དགུང་ལོ་བདུན་ཅུ་དོན་གཅིག་པ་ཆུ་མོ་ལུག་གི་སྨལ་པོ་ཟླ་བའི་ཚེས་ཉི་ཤུ་གཅིག་ལ་ཞི་བར་གཤེགས།དེ་ནས་ལོ་པའི་སྡེ་པ་རྣམས་ཀྱིས་སྤུར་བརྐུས་ནས་གདན་འདྲེན་རྩིས་བྱས་པ་ལ་གདན་འདྲེན་མ་ཐུབ་པར་གཙང་ཁ་དེར་ཞུགས་ལ་ཞེན། དེའི་ཚེ་སྤྱན་སྔའི་ཐུགས་ནམ་མཁའ་ལ་བྱོན་ཏེ་བྱ་ཡུལ་བ་ཆེན་པོ་སྨྱུག་རུམ་གྱི་གདོང་དེ་ན་གསོལ་བ་འདེབས་ཀྱིན་བཞུགས་པའི་པང་དུ་བྱུང་བས་ཐུགས་ཀྱི་གཏོད་ས་ང་རང་ཡིན་སྙམ་དུ་དགོངས་པ་བྱུང་གསུངས།

            དེ་ལྟར་སེམས་དཔའ་ཆེན་པོ་སྤྱན་སྔ་བ་འདིས་རྒྱལ་བའི་བསྟན་པ་ལ་བྱ་བ་རྒྱ་ཆེར་མཛད་དེ་དགེ་འདུན་གྱི་སྡེ་མང་དུ་བཙུགས། སྐུ་གསུང་ཐུགས་ཀྱི་རྟེན་མཐའ་ཡས་པ་བཞེངས། སྟོད་ལུང་བ་ཆེན་པོ་རིན་ཆེན་སྙིང་པོ། སྐལ་བ་དང་ལྡན་པ་མཐའ་ཡས་པ་ལ་ལམ་གྱི་རིམ་པའི་ཁྲིད་གནང་སྟེ་ཚོགས་པ་བདུན་བརྒྱ་ཙམ་འདུས་པས་བསྟན་པ་འཛིན་པའི་སློབ་མ་མང་དུ་ཞིང་ཐམས་ཅད་ཀྱི་ནང་ནས་འགྲན་ཟླ་མེད་པའི་ཐུགས་སྲས་ནི་བྱ་ཡུལ་བ་ཆེན་པོ། སྟོད་ལུང་བ་ཆེན་པོ། སྨྱུག་རུམ་བ་ཆེན་པོ་གསུམ་སྟེ་འདི་གསུམ་ལ་སྤྱན་སྔའི་སློབ་མ་འགྲན་གྱི་དོ་མེད་གསུམ་ཞེས་གྲགས་སོ། །བྱ་ཡུལ་བ་ཆེན་པོའི་རྣམ་ཐར་ནི་འཆད་པར་འགྱུར་ལ། སྟོད་ལུང་བ་ཆེན་པོ་རིན་ཆེན་སྙིང་པོ་ནི། གསེར་ཕུང་ལྕང་མ་ཅན་དུ་ཆུ་ཕོ་སྤྲེའུ་ལ་སྐུ་འཁྲུངས། དེ་ལྐོག་ཏུ་ཁྱུང་པོ་ཇོ་གསོད་ལས་རབ་ཏུ་བྱུང༌།དེ་ནས་གཞོན་ནུ་ནས་གཙང་དུ་བྱོན་ནས། བླ་མ་སེང་གེ་སྒྲ་གཅན་འཛིན་བཟང་པོ། པཎྜི་ཏ་འབུམ་ཕྲག་གསུམ་པ་ལ་སོགས་པ་མཁས་པ་མང་པོ་ལ་མདོ་སྔགས་ཀྱི་གསན་སྦྱོང་རྒྱ་ཆེར་མཛད། རྩོད་པ་ཡང་བཟང༌། དེ་ནས་སྟོད་ལུང་ཐག་མར་དབུས་གཙང་གི་སྟོན་ཆེན་ཐམས་ཅད་འཚོགས་ནས་ཆོས་ཀྱི་བགྲོ་གླེང་འབའ་ཞིག་མཛད་པས་ཁོང་གིས་ཀྱང་གྲྭ་སྐོར་ལ་བྱོན། རྩོད་པ་མཛད་པས། གློག་སྐྱ་གཙོ་རྒན་བྱ་བས་ཉན་ནས། ཁོ་ན་རེ་བོད་དབུས་གཙང་གི་སྟོན་ཆེན་འདི་ཙམ་ཞིག་ཉིན་རེ་བཞིན་འཚོགས་ནས་མར་འཁོར་བ་སྤོང་ལུགས། ཡར་ཐར་པ་སྒྲུབ་ལུགས་ཀྱི་ཆོས་ཚིག་བཞི་པ་གཅིག་མེད་པར་ཀླད་པ་གས་གས་བ་ལང་དཀར་ཟ་ལ་འཆི་བ་འདི་བྱུར་རེ་ཆེ་ཟེར་བ་སྟོད་ལུང་རིན་ཆེན་སྙིང་པོས་གསན་པས། ཁོང་ཀྱང་དེ་ཙམ་ཞིག་གོ་འདུག་ནས། ང་རྒྱ་གར་དུ་ཆོས་འཚོལ་བ་ལ་འགྲོ་དགོངས་ནས་བྱོན་པ་དང༌། མཁའ་རུ་བའི་གྲྭ་པ་དགེ་སློང་སྣམ་སྦྱར་ཕྲག་པར་བཞག་པ་ཚུལ་ཁྲིམས་ཀྱི་དྲི་བྲོ་བ་ཞིག་དང་མཇལ་ཏེ། ཚེ་འདི་ཡུན་ཐུང་ཤེས་བྱའི་རྣམ་པ་མང༌། །ཚེ་ཡི་ཚད་ཀྱང་ཇི་ཙམ་མི་ཤེས་པས། །ངང་པས་ཆུ་ལས་འོ་མ་ལེན་པ་ལྟར། །རང་གི་འདོད་པ་དང་དུ་བླང་བར་བྱ། །ཞེས་གསུངས་པས། དེ་སུས་མཛད་བྱས་པས་ཇོ་བོའི་གསུང་ཡིན་ཟེར། གང་ནས་བྱོན་བྱས་པས། མཁའ་རུ་དགོན་པ་ནས་འོང་ཟེར། དེ་ནས་མཁའ་རུ་བའི་དྲུང་དུ་བྱོན་ཏེ་སྐྱབས་འགྲོའི་ཆོས་སྐོར་གསུངས་པ་གསན། མཁའ་རུ་བས་ལུང་བསྟན་ནས་རྭ་སྒྲེང་དུ་རྣལ་འབྱོར་པ་ཆེན་པོའི་སྤྱན་སྔར་བྱོན། ལྟ་བའི་དྲི་བ་མང་པོ་མཛད་པས། སྔོན་དུ་ཐབས་གོམས་པས་རྒྱུད་སྨིན་དགོས་པ་ཡིན་གསུངས་ནས། ཐོག་མར་སྐྱབས་འགྲོ་དང༌། བྱམས་སྙིང་རྗེ་ནས་རིམ་གྱིས་ཁྲིད་དེ་ཆོས་མང་དུ་གསན།

              ལོ་བཅུ་གཅིག་ལོན་དུས་ཇོ་བོ་བོད་དུ་ཕེབས་པ་ལ་ཤམ་ཐབས་ཁྲལ་ཀྱང་འཇལ་བར་སྣང༌། སྟོད་ལུང་པ་ཆེན་པོས་རྭ་སྒྲེང་དུ་རྣལ་འབྱོར་པ་ཆེན་པོའི་སྤྱན་སྔར་བྱོན་པའི་དུས། རྟེན་དགེ་སློང་ཡིན་པ་དང་མི་ཆེ་བའི་དོན་གྱིས་བྲང་ཁང་དེ་རྙེད་པ་དཀའ་ཙམ་ཞིག་བྱུང་བ་ལ། རྣལ་འབྱོར་པ་ཆེན་པོས་སྒྲོལ་སྒོམ་གཞོན་ནུ་སྨོན་ལམ་བྱ་བ་ལ་གནས་ཁང་ལེགས་པོ་ཞིག་ཡོད་དེ། ཁོ་ཁྱེད་ལ་ཉམ་ང་ཟེར་བ་གདའ་གསུངས་པས། སྟོད་ལུང་པས་སྒྲོལ་སྒོམ་གཞོན་ནུ་སྨོན་ལམ་གྱི་སྒོ་གང་ཡིན་དྲིས་ཏེ་ནང་དུ་རྩང་གིས་བྱོན་ནས། སྒྲོལ་སྒོམ་ཁྱོད་ང་ལ་ཉམ་ང་ཟེར་བ་ཉམ་ང་མི་དགོས། ཆུ་ཡང་ང་རང་གིས་ལེན། ཡོས་ཀྱང་ང་རང་གིས་འཐག ཕྱེ་སྐྱོ་ཡང་ང་རང་གིས་བསྐོལ། ངའི་མལ་དེ་འདི་ཁོ་ནར་འོས་པ་སྣང་གསུངས་ནས་ས་གཅིག་ཏུ་གཟིམ་མལ་མཛད། དེར་སྒྲོལ་སྒོམ་དད་པ་བཅོས་མིན་སྐྱེས་ནས་སློབ་མར་གྱུར། ལན་ཅིག་རྣལ་འབྱོར་པའི་སྐུ་མདུན་དུ་བྱོན་ཟེར་བ་བྱུང་བས། དེར་བྱོན་ཙ་ན་སྟན་མཐོན་པོ་ཞིག་བཤམས་འདུག་པ་ལ། རྣལ་འབྱོར་པས་ཇོ་བོ་སྟོན་པ་སྟན་ལ་གཤེགས་གསུངས་པས། བདག་འདི་ལ་མི་མཆི་ཞུས་པས། རྣལ་འབྱོར་པའི་ཞལ་ནས། ཇོ་བོ་སྟོན་པ་ད་དུང་མཚན་ཉིད་པའི་སྐྱ་དྲི་མ་སངས་པར་འདུག་གསུངས་པས། ཁོང་གི་ཐུགས་ལ་ང་ས་འདིར་ཐིམ་གྱིས་སོང་ན་རུང་བ་ལ་དགོངས་པ་བྱུང་གསུངས། རྣལ་འབྱོར་པ་ལོ་བརྒྱད་དང༌། དགོན་པ་བ་ལོ་ལྔ་བསྟེན་པར་གདའ། དེ་དུས་སྤྱན་སྔ་སྐུ་མཚམས་ལ་བཞུགས་པས་སྤྱན་སྔ་ལ་དད་པ་འཁྲུངས་ཏེ་རྣལ་འབྱོར་པས་ངོ་ཆེན་མཛད་ནས་ཆོས་ཐུན་བཞི་ཚན་གཅིག་ཐོག་མར་གསན། རྣལ་འབྱོར་པ་སྐུ་གཤེགས་ནས་སྤྱན་སྔ་ལ་བརྟེན། གསེར་སྲང་བརྒྱད་བརྒྱ་འབུལ་བའི་དམ་བཅའ་མཛད་པ་ལ། ཕྱེད་དང་དྲུག་བརྒྱ་ཕྱག་ཏུ་ཐོངས་དུས་སྤྱན་སྔ་སྐུ་གཤེགས་པས། ཕྱེད་དང་སུམ་བརྒྱས་དགོངས་པ་རྫོགས་པའི་དོན་དུ་སྟོད་ལུང་བཙན་གྲོ་དགོན་པ་གཙུག་ལག་ཁང་དང་བཅས་པ་དགུང་ལོ་བདུན་ཅུ་རྩ་གཉིས་པ་ཆུ་མོ་ལུག་ལ་བཞེངས། སྐུ་གསུང་ཐུགས་ཀྱི་རྟེན་སྔ་ཕྱིར་དཔག་ཏུ་མེད་པ་བཞེངས་པའི་གྲགས་ཆེ་བ།རབ་གནས་ཀྱི་དུས་སྤྱན་སྔ་ལ་ཆོས་གསུངས་པའི་འཇམ་དཔལ་དཔལ་བོའི་སྐུ་ལ་སོགས་པ་རྒྱུད་སྦྱངས་མ་བདུན་དང༌། རྣལ་འབྱོར་པས་རབ་གནས་མཛད་པ་པོ་ཏོའི་གསུང་འབྱོན། མཁའ་རུའི་ལྗང་སྐྱེས།  བཙན་གྲོའི་ཆུ་ཁོལ་ཞེས་རྟེན་རྟགས་ཐོན་གསུམ་དུ་གྲགས་པའི་ཆུ་ཁོལ་ཐུབ་པ་སོགས་མང་དུ་བཞེངས། ཁོང་གི་ཞལ་ནས།སྟོད་ལུང་པའི་བན་དེ་ལ་ཆོས་སྟོན་དྲངས་པ་བས། ཁོ་པའི་ཁྱི་ལ་ཟན་བྱིན་པ་བསོད་ནམས་ཆེ་ཞེས་གསུངས་ཏེ། ཕྱོགས་བཅུའི་སངས་རྒྱས་ཐམས་ཅད་མཆོད་པ་བས་བླ་མའི་བ་སྤུའི་བུ་ག་གཅིག་མཆོད་པ་ཕན་ཡོན་ཆེ་བ་གསང་བ་འདུས་པའི་རྒྱུད་སོགས་རྒྱུད་དང་གྲུབ་ཆེན་གྱི་གཞུང་མང་པོ་ལས་འབྱུང་བ་དང༌། བྱང་ཆུབ་ལམ་གྱི་རིམ་པའི་རྩ་བ་བཤེས་གཉེན་བསྟེན་ཚུལ་ལ་ཐུག་པས་འདིའི་ཐད་ནས་རྟེན་འབྲེལ་གྱི་སྒོ་མ་འཕྱུགས་པ་ཞིག་དགོས་ཞེས་འདོམས་པའོ། །དེ་ལྟར་སྟོད་ལུང་པ་ཆེན་པོས་སྤྱན་སྔ་ལོ་བདུན་བསྟེན་ནས་མཉེས་པ་གསུམ་གྱིས་མཉེས་པར་མཛད།

              སྤྱན་དང་མངོན་པར་ཤེས་པ་མངའ། ཡི་དམ་མང་པོའི་ཞལ་གཟིགས། བདེན་གཉིས་ཀྱི་རྟོགས་པ་ཐུགས་ལ་འཁྲུངས།འགྲོ་བའི་དོན་རྒྱ་ཆེན་པོ་མཛད་དེ་དགུང་ལོ་བརྒྱད་ཅུ་རྩ་ལྔ་པ་མེ་ཕོ་སྤྲེའུའི་ལོ་མངོན་པར་བྱང་ཆུབ་པའི་ཟླ་བའི་ཚེས་བརྒྱད་ལ་ལམ་དགོན་དུ་སྐུ་གཤེགས་སོ། །སྤྱན་སྔའི་སློབ་མ་སྨྱུག་རུམ་པ་ཆེན་པོ། སྤྱན་སྔའི་སློབ་མ་སྨྱུག་རུམ་པ་ཆེན་པོ་ནི།སྤྱན་སྔའི་ཞབས་ལ་བསྙེན་ནས་གདམས་པ་མང་དུ་གསན།ཀླུངས་ཤོད་མདར་སྨྱུག་རུམ་གྱི་དགོན་པ་བཏབ། ཕྱིས་སྤྱན་སྔ་ཕེབས་ནས་གནས་དེ་རྡོ་རྗེ་གདན་དུ་བྱིན་གྱིས་རློབ་པར་མཛད། རྗེ་སྒམ་པོ་པས་ཀྱང་བླ་མ་འདིའི་ཞབས་ལ་བཏུགས་ཏེ་བཀའ་གདམས་ལམ་རིམ་གསན་ནས་སྐལ་བ་དང་ལྡན་པ་མཐའ་ཡས་པ་ལ་འདོམས་པར་མཛད་དོ། །དགེ་བཤེས་སྨྱུག་རུམ་པ་འདི་ནི་དུས་སྐབས་ཀུན་ཏུ་རང་གི་རྒྱུད་ལ་བརྟགས་ནས་རང་རྒྱུད་འདུལ་བ་གཙོ་བོར་མཛད་དེ་ཡི་དམ་ལྷའི་བསྙེན་པ་བྱེད་པའི་ཚེ་ཡང་རང་གི་ཉོན་མོངས་འདུལ་བའི་ཐབས་ཁོ་ནར་མཛད་དེ་སྨྱུག་རུམ་པའི་ཞལ་ནས། ཉོན་མོངས་པ་ཉུག་གིས་བྱུང་ཙ་ན་ལེ་ལོ་མི་བྱ་བར་མོད་ལ་གཉེན་པོས་བཟློག མ་ནུས་ན་ལང་ལ་མཎྜལ་དང་མཆོད་པ་བཤམས་བླ་མ་དང་ཡི་དམ་ལ་ཕུལ་ལ་གསོལ་བ་གདབ། དེ་ལ་དམིགས་ནས་ཁྲོ་བོའི་བཟླས་པ་བྱས་པས་ཉལ་གྱིས་འགྲོ་གསུང་ངོ༌། །

              དེས་ན་བྱང་ཆུབ་ལམ་གྱི་རིམ་པ་ལ་བློ་སྦྱོང་བར་འདོད་པ་རྣམས་ཀྱིས་བཀའ་གདམས་སྐུ་མཆེད་གསུམ་གྱི་ནང་ནས་སྐུ་ན་གཞོན་པ་འབྲོམ་ཆོས་ཀྱི་རྒྱལ་པོའི་གསང་བའི་མཛོད་འཛིན་པ་སྤྱན་སྔ་བ་ཆེན་པོ་ལ་གསོལ་བ་འདེབས་ཤིང་བདག་ཉིད་ཆེན་པོ་འདིའི་རྣམ་ཐར་ལྟར་དལ་འབྱོར་རྙེད་པར་དཀའ་བ་དང༌། ཚེ་ལ་ལོང་མེད་པའི་ཚུལ་ཡང་ཡང་བསམས་ལ་སྒྲུབ་པ་ལ་ནང་ནས་བསྐུལ་ཏེ་བྱང་ཆུབ་ལམ་གྱི་རིམ་པ་སྒོམ་པ་ལ་བརྩོན་པ་ཆུ་བོའི་རྒྱུན་བཞིན་བྱའོ།། །།

                                                                                                                                   རྩོམ་སྒྲིག་པ། མང་ར་བ།
             གསལ་འདེབས།
                     རྩོམ་འདིའི་པར་དབང་ངེད་དགེ་ལུགས་པའི་དྲ་བར་གཏོགས་པས་གང་འདོད་དུ་གཞན་དུ་མི་འགོད་པ་དང་། གལ་ཏེ་འགོད་ན་རྩོམ་ཁུངས་དང་སྦྲེལ་ཐག་གསལ་པོར་དགོད་པར་ཞུ།
                      དྲ་བའི་སྦྲེལ་ཐགhttp://www.tb1025.cn

བརྒྱུད་འགོད།