ཆོས་མངོན་རྒྱ་མཚོའི་མཐར་སོན་མོན་གྲ་བའི་རྣམ་ཐར།

ཡོང་ཁུངས།   ངེད་དགེ་ལུགས་པའི་དྲ་བ།     སྤེལ་དུས།  2017-04-25 21:09:12     རྩོམ་པ་པོ།   ཡོངས་འཛིན་ཡེ་ཤེས་རྒྱལ་མཚན།     ཀློག་ཐེངས།  

8c980467d98e05845fe367512d4216b5_.jpg

              ཆོས་མངོན་རྒྱ་མཚོའི་མཐར་སོན་མོན་གྲ་བ། ཞེས་བསྔགས་པ། དགེ་བའི་བཤེས་གཉེན་མོན་གྲ་བ་ནི། མོན་དང་མཚོ་སྣའི་བར་གྱི་ཡུལ་མོན་གྲོང་དུ་སྐུ་འཁྲུངས། གཞོན་ནུ་ཉིད་ནས་ཆོས་ཀྱི་བག་ཆགས་བརྟས་པས་རང་ཡུལ་ཉེ་དུ་དང་བཅས་པ་ལ་མ་ཆགས་པར་མཆིལ་མའི་ཐལ་བ་བཞིན་དོར་ཏེ་གྲྭ་སྐོར་དུ་མཁན་ཆེན་མཚོ་སྣ་བའི་ཞབས་དྲུང་དུ་ཕེབས་ནས་རབ་ཏུ་བྱུང༌། མཚན་ཚུལ་ཁྲིམས་བཀྲ་ཤིས་ཞེས་བཏགས། མཁན་ཆེན་མཚོ་སྣ་བ་བསམ་སྦྱོར་གཉིས་ཀྱིས་ཚུལ་བཞིན་དུ་བསྟེན་ཏེ། སྡེ་སྣོད་གསུམ་གྱི་དགོངས་པ་འགྲེལ་པའི་ཤིང་རྟ་ཆེན་པོའི་གཞུང་རྣམས་ལ་སྦྱངས་པས་མཁས་པའི་གོ་འཕང་ཐོབ་ཅིང༌། ཁྱད་པར་མངོན་པ་སྡེ་བདུན་དགོངས་འགྲེལ་དང་བཅས་པ་ལ་མཁས་པའི་ཕུལ་དུ་ཕྱིན་པར་གྱུར་ཏེ་ཆོས་མངོན་པའི་དོན་ལ་མི་འཇིགས་པའི་སྤོབས་པ་ཐོབ། མཁན་ཆེན་མཚོ་སྣ་བ་ལས་བསྙེན་པར་རྫོགས་ཏེ་འདུལ་བའི་བསླབ་བྱ་རྣམས་གསན་ནས་ལག་ཏུ་བླངས། འདུལ་བ་འཛིན་པའི་མཆོག་ཏུ་གྱུར།

              དེ་ལྟར་གཞུང་ལུགས་རྒྱ་མཚོ་ལྟ་བུ་ལ་སྦྱངས་པས་མཁས་པའི་ཕུལ་དུ་ཕྱིན་པ་ན་མཚོ་སྣ་བ་ཆེན་པོ་ལ་བྱང་ཆུབ་ལམ་གྱི་རིམ་པའི་ཁྲིད་བཀའ་གདམས་གཞུང་པའི་བཤད་སྲོལ་ལྟར་གསན་ཏེ་ཉམས་ལེན་ལ་སྦྱར་བས་མྱོང་བ་ཁྱད་པར་ཅན་ཐོན་ཏེ་མཁས་བཙུན་བཟང་གསུམ་འཛོམས་པའི་བཤེས་གཉེན་ཆེན་པོར་གྱུར་པ་ན་མཚོ་སྣ་བ་ཆེན་པོས་རང་གི་རྒྱལ་ཚབ་བསྟན་འཛིན་མཆོག་ཏུ་འགྱུར་བར་གཟིགས་ནས་བསྔགས་འོས་སུ་མཛད་ཅིང༌། གྲྭ་སྐོར་གྱི་གདན་ས་བགྱི་དགོས་ཞེས་ཡང་ཡང་གསུངས་ཀྱང་བདག་ཉིད་ཆེན་པོ་འདི་བྱང་ཆུབ་ལམ་རིམ་ལ་མྱོང་བ་ཕུལ་ཕྱིན་ཐོན་པས་ཚངས་པ་དང་བརྒྱ་བྱིན་གྱི་དཔལ་ལའང་མི་སྨོན་ན་ཚེ་འདིའི་རྙེད་བཀུར་སྙན་གྲགས་ལ་སྨོན་པ་མེད་པ་ལྟ་ཅི་སྨོས་པར་གྱུར་ནས་བདག་ལྟ་བུས་བླ་མའི་གདན་ས་སྐྱོང་བར་ག་ལ་ནུས་ཞེས་མཛད་དུ་མ་བཞེད། མཐར་མཁན་ཆེན་མཚོ་སྣ་བ་གཤེགས་ཁར་དགེ་འདུན་རྣམས་ལ་ཞལ་གདམས་རྒྱ་ཆེར་མཛད་ནས་གདན་ས་འདི་མོན་གྲ་བ་ལ་གཏོད་གསུངས་ནས་ཞི་བར་གཤེགས་པ་ན་བླ་མའི་གསུང་གི་ཐ་མ་ཞལ་ཆེམས་ལྟ་བུར་སོང་གཤིས་མཛད་ཐབས་མ་བྱུང་བར་གྲྭ་སྐོར་གྱི་གདན་སར་ཕེབས་ནས་གཙོ་བོར་འདུལ་བ་དང་མངོན་པ་རྒྱ་ཆེར་བཤད་ཅིང༌། ཕར་ཚད་དབུ་མ་རྣམས་ཀྱང་སྔར་སྲོལ་གང་ཡོད་བཤད་ནས་ཤིང་རྟ་ཆེན་པོའི་གཞུང་ལུགས་ཤིན་ཏུ་དར་བར་མཛད། སྐལ་བ་དང་ལྡན་པ་དག་ལ་བྱང་ཆུབ་ལམ་གྱི་རིམ་པའི་ཁྲིད་བཀའ་གདམས་གཞུང་པའི་བཤད་སྲོལ་ལྟར་ཞིབ་ཏུ་བཤད་པས་ཆོས་ཀྱི་བདུད་རྩིས་ཚིམས་པ་མང་དུ་བྱུང་ཞིང༌། ཕྱི་རབས་ཀྱི་གདུལ་བྱ་རྣམས་ཀྱི་དོན་དུ་ལམ་རིམ་གྱི་ཁྲིད་ཡིག་ཀྱང་མཛད་དོ། །

              མཁན་ཆེན་མོན་གྲ་བ་འདི་ལ་མཁས་ཤིང་གྲུབ་པའི་སློབ་མ་གྲུབ་ཆེན་ལས་ཀྱི་རྡོ་རྗེ་དང༌། མཁན་ཆེན་ཆོས་སྐྱབས་བཟང་པོ་སོགས་བསྟན་པ་ལ་བྱ་བ་རྒྱ་ཆེར་བགྱིད་པ་མང་དུ་བྱུང་ངོ༌། །དེས་ན་བྱང་ཆུབ་ལམ་རིམ་ལ་བློ་སྦྱོང་བར་འདོད་པ་རྣམས་ཀྱིས་དགེ་བའི་བཤེས་གཉེན་མོན་གྲ་བ་ཆེན་པོ་ལ་གསོལ་བ་འདེབས་ཤིང་བདག་ཉིད་ཆེན་པོ་འདིའི་རྣམ་ཐར་ལྟར་ཤིང་རྟ་ཆེན་པོའི་གཞུང་ལུགས་རྣམས་ལ་སྦྱངས་ནས་གཞུང་ལུགས་གདམས་པར་འཆར་བར་བྱེད་པ་དང༌།གཞུང་ལུགས་གདམས་པར་ཤར་བའི་མན་ངག བྱང་ཆུབ་ལམ་གྱི་རིམ་པའི་ཉམས་ལེན་ལ་འབད་ནས་རང་གི་རྒྱུད་བཏུལ་ཏེ་གདུལ་བྱ་གཞན་ལའང་ཕན་ངེས་པ་ཞིག་བྱའོ།། །།

                                                                            རྩོམ་སྒྲིག་པ། མང་ར་བ།
      གསལ་འདེབས། 
              རྩོམ་འདིའི་པར་དབང་ངེད་དགེ་ལུགས་པའི་དྲ་བར་གཏོགས་པས་གང་འདོད་དུ་གཞན་དུ་མི་འགོད་པ་དང་། གལ་ཏེ་འགོད་ན་རྩོམ་ཁུངས་དང་སྦྲེལ་ཐག་གསལ་པོར་དགོད་པར་ཞུ།
              དྲ་བའི་སྦྲེལ་ཐགhttp://www.tb1025.cn

 

བརྒྱུད་འགོད།