འདུལ་བ་འབུམ་སྡེའི་མངའ་བདག་མཚོ་སྣ་བའི་རྣམ་ཐར།

ཡོང་ཁུངས།   ངེད་དགེ་ལུགས་པའི་དྲ་བ།     སྤེལ་དུས།  2017-04-25 21:01:54     རྩོམ་པ་པོ།   ཡོངས་འཛིན་ཡེ་ཤེས་རྒྱལ་མཚན།     ཀློག་ཐེངས།  

3a8f29e5b4891f4fbe3d77181058eb6b_.jpg

              འདུལ་བ་འབུམ་སྡེའི་མངའ་བདག་མཚོ་སྣ་བ། ཞེས་བསྔགས་པ། འདུལ་འཛིན་མཚོ་སྣ་བ་ཆེན་པོ་ནི། མོན་མཚོ་སྣ་སྟོད་དུ་སྐུ་འཁྲུངས། བྱིས་པ་སྨྲ་ཤེས་ཙམ་ནས་ཆོས་བྱེད་པའི་འདུན་པ་ཁོ་ནས་སྒོ་གསུམ་གྱི་སྤྱོད་པ་ཐམས་ཅད་ཆོས་དང་མཐུན་པར་མཛད་པ་ལ་བྱིས་པའི་ངང་ཚུལ་དུ་མི་འགྲོ་བ་ཞིག་བྱུང་ཞིང༌། དགུང་ལོ་བརྒྱད་ལོན་པའི་ཚེ་བླ་མའི་དྲུང་དུ་འགྲོ་ཟེར་ནས་སུས་བཀག་ཀྱང་མ་ཐུབ་པར་དགེ་བའི་བཤེས་གཉེན་བཟང་ཆེན་པའི་ཐད་དུ་བྲོས་ཏེ་རབ་ཏུ་བྱུང༌། ཚིགས་སྔ་མ་དགེ་ཚུལ་གྱི་སྡོམ་པ་མནོས་ཏེ་མཚན་ཤེས་རབ་བཟང་པོ་ཞེས་བཏགས།དུས་དེའི་ཚེ་པཎྜི་ཏ་མཁས་པའི་ཉམས་དང་ལྡན་པ་ཞིག་རང་ཤུགས་ཀྱིས་བྱུང་བས་སྡེ་སྣོད་འཛིན་པ་བློ་གྲོས་སེང་གེའི་སྐྱེ་བར་གྲགས་པ་བྱུང་ངོ༌། །

              དེ་ནས་དགེ་བའི་བཤེས་གཉེན་བཟང་ཆེན་པ་བསམ་སྦྱོར་གཉིས་ཀྱིས་ཚུལ་བཞིན་དུ་བསྟེན་ནས་བཀའ་གདམས་གཞུང་དྲུག་ལ་སོགས་པའི་ཤིང་རྟ་ཆེན་པོའི་གཞུང་རྣམས་ལ་ལེགས་པར་སྦྱངས་ཤིང༌། ཁྱད་པར་དུ་འདུལ་བ་ལུང་སྡེ་བཞི་དང༌། དེ་ཐམས་ཅད་ཀྱི་བརྗོད་བྱའི་དོན་གཅིག་ཏུ་བསྡུས་པ་འདུལ་བ་མདོ་རྩ་བ་ལ་སྦྱངས་ཏེ་ཚིག་དོན་མཐའ་དག་ཐུགས་སུ་ཆུད་པར་མཛད་ཅིང༌། དགེ་བའི་བཤེས་གཉེན་བཟང་ཆེན་པ་ལ་མཁན་པོ་ཞུས་ཏེ་མཁན་སློབ་དགེ་འདུན་གྲངས་ཚང་བའི་དབུས་སུ་བསྙེན་པར་རྫོགས་ཏེ། འདུལ་བའི་བསླབ་བྱ་མཐའ་དག་ཆེས་ཞིབ་པར་ཐུགས་ལ་མངའ་བ་ལྟར་ཕྱག་ལེན་ལ་ཐེབས་པར་མཛད་པས་འཕགས་པ་ཉེ་བར་འཁོར་སླར་ཡང་གངས་རིའི་ཁྲོད་དུ་བྱོན་པ་ཇི་ལྟ་བར་གྱུར་ཏོ། །དེ་ནས་དགེ་བའི་བཤེས་གཉེན་བཟང་ཆེན་པ་ལས་དུས་གསུམ་གྱི་རྒྱལ་བ་ཐམས་ཅད་ཀྱི་བགྲོད་པ་གཅིག་པའི་ལམ་པོ་ཆེ་ཤིང་རྟ་ཆེན་པོ་ཀླུ་སྒྲུབ་དང་ཐོགས་མེད་གཉིས་ཀྱི་ལམ་སྲོལ། དཔལ་ཨ་ཏི་ཤས་གངས་རིའི་ཁྲོད་འདིར་གསལ་བར་མཛད་པའི་མན་ངག་བྱང་ཆུབ་ལམ་གྱི་རིམ་པའི་ཁྲིད་བཀའ་གདམས་གཞུང་པའི་བཤད་སྲོལ་ལྟར་མཐའ་དག་པར་གསན་ནས་ཉམས་སུ་བླངས་ཏེ་གདེང་ཐོབ་པར་མཛད།

              བདག་ཉིད་ཆེན་པོ་འདི་ནི་རྒྱལ་བའི་དམ་ཆོས་འཛིན་པའི་སྨོན་ལམ་རླབས་པོ་ཆེའི་མཐུ་གྲུབ་པ་ཞིག་ཡིན་པས་གསུང་རབ་དགོངས་འགྲེལ་དང་བཅས་པ་ལ་ཐོས་པ་ཉིན་པར་མཛད་པར་མ་ཟད་རྨི་ལམ་སྒྱུ་མའི་རྣམ་ཐར་འབྱོངས་པས་མཚན་མོ་མནལ་ལམ་དུ་ཡང་སློབ་དཔོན་ཡོན་ཏན་འོད་ལ་འདུལ་བ་གསན། རྒྱལ་སྲས་ཞི་བ་ལྷ་ལ་སྤྱོད་འཇུག་གསན། སློབ་དཔོན་དབྱིག་གཉེན་ལ་མངོན་པ་མཛོད་གསན། སློབ་དཔོན་ཕྱོགས་ཀྱི་གླང་པོ་ལ་ཚད་མའི་མདོ་གསན།སློབ་དཔོན་ཆོས་ཀྱི་གྲགས་པ་ལ་རྣམ་འགྲེལ་སོགས་ཚད་མ་སྡེ་བདུན་གསན། སློབ་དཔོན་ཟླ་བ་གྲགས་པ་ལ་གསང་འདུས་གསན། རྗེ་བཙུན་བྱམས་པ་མགོན་པོ་ལ་མངོན་རྟོགས་རྒྱན་གསན་པར་གྲགས། དེ་ལྟར་ཐོས་པ་རྒྱ་མཚོའི་ཕ་རོལ་ཏུ་བྱོན་ཞིང༌། ལྷག་པར་འདུལ་བ་ལ་མཁས་པའི་ཕུལ་དུ་གྱུར་པས་མགོན་པོ་ལ་སོགས་པའི་ཆོས་སྲུང་རྣམས་དང༌། དཀར་ཕྱོགས་ཀྱི་ལྷ་མང་པོས་འདུལ་བའི་བསྟན་བཅོས་གངས་རིའི་ཁྲོད་ཀྱི་གདུལ་བྱ་རྣམས་ཀྱིས་གོ་སླ་བ་ལུང་སྡེ་བཞིའི་གནད་བསྡུས་པ་ཞིག་རྩོམས་ཤིག དེ་ལ་ཐོས་བསམ་བྱེད་པ་ཐམས་ཅད་ངེད་ཀྱིས་བུ་བཞིན་སྐྱོང་ངོ་ཞེས་བསྐུལ་ཞིང༌། དགེ་འདུན་མང་པོས་གྲྭ་སྐོར་གྱི་གདན་སར་འབྱོན་དགོས་པར་བསྐུལ་ཏེ་ཆོས་གྲྭ་ཆེན་པོ་གྲྭ་སྐོར་གྱི་སེང་གེའི་ཁྲི་ལ་བཞུགས་ཏེ། ཤིང་རྟ་ཆེན་པོའི་གཞུང་ལུགས་རྣམས་རྒྱ་ཆེར་སྤེལ་ཞིང་ལུང་སྡེ་བཞིའི་གནད་ཀུན་བསྡུས་པ་འདུལ་བའི་མདོའི་རྣམ་བཤད་ཉི་མའི་འོད་ཟེར་ཞེས་བྱ་བ་བརྩམས་ཏེ། དཀར་ཕྱོགས་ཀྱི་ལྷ་རྣམས་ཀྱིས་ཆོས་འདི་ལ་བསྔགས་པ་བརྗོད་ཕྱིར་བརྩམས་མ་ཐག་དཀར་ཕྱོགས་ཀྱི་ལྷ་རྣམས་ཀྱིས་གླེགས་བམ་གདན་དྲངས་ཏེ་སླར་ཡང་ལན་གཉིས་པ་བརྩམས་ཞེས་གྲགས་སོ། །གཞན་ཡང༌། བདག་ཉིད་ཆེན་པོ་འདིས་ལམ་རིམ་ལ་སོགས་པའི་བསྟན་བཅོས་ཀྱང་མང་དུ་མཛད་དོ། །

              བདག་ཉིད་ཆེན་པོ་འདི་ནི་དགེ་བའི་བཤེས་གཉེན་པོ་ཏོ་བའི་རྣམ་ཐར་ལྟར་སྐྱེས་བུ་གསུམ་གྱི་ལམ་གྱི་རིམ་པ་ཤིང་རྟ་ཆེན་པོའི་གཞུང་དང་སྦྱར་ཏེ་འཆད་པ་ལ་མི་འཇིགས་པའི་སྤོབས་པ་ཐོབ་ཅིང༌། ཕྱི་ལྟར་དུ་གསང་སྔགས་ལ་དམ་དོག་ཆེ་བར་མཛད་ཀྱང་ནང་དུ་རང་ཉིད་སྔགས་ཀྱི་ཉམས་ལེན་ཕུལ་དུ་ཕྱིན་པ་མངའ་བས། དཔལ་གསང་བ་འདུས་པའི་རྫོགས་རིམ་གྱི་རྨི་ལམ་འཛིན་པ་ལ་མངའ་བརྙེས་པས་རྨི་ལམ་དུ་སངས་རྒྱས་ཀྱི་ཞིང་གཞན་དུ་བགྲོད་པ་དང༌། གདུལ་བྱ་ལ་ཆོས་སྟོན་པ་དང༌། སངས་རྒྱས་ཀྱི་བྱང་སེམས་ལས་ཆོས་ཉན་པ་སོགས་སྤྲུལ་བསྒྱུར་སྣ་ཚོགས་ནུས་པ་ཞིག་སྟེ། དེའི་ཚུལ་ཟུར་ཙམ་ནི་སྔར་སྨོས་པ་ལྟར་རོ། །དེ་ལྟར་བསྟན་འགྲོའི་དོན་རྒྱ་ཆེར་མཛད་ནས་དགུང་ལོ་དོན་གཉིས་བཞེས་པའི་ཚེ་དགེ་འདུན་རྣམས་ལ་བསླབ་བྱ་རྒྱས་པར་མཛད་དེ་གྲྭ་སྐོར་གྱི་གདན་ས་མོན་གྲ་པ་ལ་གཏད་ནས་ཞི་བར་གཤེགས་སོ། །འདུལ་འཛིན་ཆེན་པོ་འདི་ལ་སློབ་མ་བསམ་གྱིས་མི་ཁྱབ་པ་ཡོད་ཀྱང་ཐུགས་སྲས་ཐུ་བོ་རང་གི་རྒྱལ་ཚབ་ཏུ་མངའ་གསོལ་བ་ནི་དགེ་བའི་བཤེས་གཉེན་མོན་གྲ་པ་ཆེན་པོའོ། །

             དེས་ན་བྱང་ཆུབ་ལམ་རིམ་ལ་བློ་སྦྱོང་བར་འདོད་པ་རྣམས་ཀྱིས་འདུལ་འཛིན་ཆེན་པོ་འདི་ལ་གསོལ་བ་འདེབས་ཤིང་བསྟན་པའི་ནང་མཛོད་འདུལ་བའི་བཅས་མཚམས་དག་པ་གཞིར་བཟུང་ནས་བྱང་ཆུབ་ལམ་གྱི་རིམ་པ་ལ་བློ་སྦྱང་བར་བྱའོ།། །།

                                                                                                                                     རྩོམ་སྒྲིག་པ། མང་ར་བ།
             གསལ་འདེབས། 
                        རྩོམ་འདིའི་པར་དབང་ངེད་དགེ་ལུགས་པའི་དྲ་བར་གཏོགས་པས་གང་འདོད་དུ་གཞན་དུ་མི་འགོད་པ་དང་། གལ་ཏེ་འགོད་ན་རྩོམ་ཁུངས་དང་སྦྲེལ་ཐག་གསལ་པོར་དགོད་པར་ཞུ།
                        དྲ་བའི་སྦྲེལ་ཐགhttp://www.tb1025.cn

བརྒྱུད་འགོད།