དགེ་བའི་བཤེས་གཉེན་བཟང་ཆེན་པའི་རྣམ་ཐར།

ཡོང་ཁུངས།   ངེད་དགེ་ལུགས་པའི་དྲ་བ།     སྤེལ་དུས།  2017-04-25 20:57:06     རྩོམ་པ་པོ།   ཡོངས་འཛིན་ཡེ་ཤེས་རྒྱལ་མཚན།     ཀློག་ཐེངས།  

4b2bcb31174b04654a187c05e367115b_.jpg

              རྣམ་དག་ཚུལ་ཁྲིམས་ངད་ལྡང་བཟང་ཆེན་པ། ཞེས་བསྔགས་པ། དགེ་བའི་བཤེས་གཉེན་བཟང་ཆེན་པ་ནི། གཉལ་སྨད་དུ་ངོ་མཚར་བའི་ལྟས་དང་བཅས་ཏེ་སྐུ་འཁྲུངས། ཆུང་ངུའི་དུས་ནས་ཁྱིམ་གྱི་འདུ་འཛི་ལ་མ་ཆགས་པར་རྒྱལ་བའི་བསྟན་པ་ལ་ཞུགས་ནས་དམ་པའི་ཆོས་རྣམ་པར་དག་པ་ཞིག་བྱ་བར་འདོད་པའི་འདུན་པ་ཤུགས་དྲག་པོ་ནར་མར་བྱུང་སྟེ་སུས་ཀྱང་བཟློག་མ་ཐུབ་པར་བཟང་ཆེན་གྱི་གདན་ས་པ་མཁན་པོ་བསོད་ནམས་འབྱུང་གནས་ལས་རབ་ཏུ་བྱུང་ཞིང་ཚིགས་སྔ་མ་དགེ་ཚུལ་གྱི་སྡོམ་པ་མནོས། མཚན་དར་མ་བསོད་ནམས་སུ་བཏགས་མཁན་པོ་དེ་ཉིད་ལ་བརྟེན་ཏེ་དགེ་ཚུལ་གྱི་བསླབ་བྱ་རྣམས་ལེགས་པར་བསླབས་ཤིང་ཆོས་སྤྱོད་རྣམས་ཐུགས་སུ་ཆུད་པར་མཛད། དེ་ནས་གཞུང་ལུགས་རྣམས་ལ་སྦྱངས་ཏེ་སྡེ་སྣོད་གསུམ་ལ་མཁས་པར་བསླབས། ངེས་འབྱུང་གི་བསམ་པ་རྣམ་པར་དག་པས་རྒྱུད་བསྐུལ་ཏེ་མཁན་པོ་དར་ཡེ་བ། ཁ་སྐོང་གི་དགེ་འདུན་གྲངས་ཚང་བ་དང་བཅས་པའི་དབུས་སུ་བསྙེན་པར་རྫོགས། ལྷ་འགྲོ་བའི་མགོན་པོའི་ཞབས་རྡུལ་སྤྱི་བོས་བླངས་ཏེ་འདུལ་བ་ལུང་སྡེ་བཞིའི་བརྗོད་བྱའི་དོན་ཐམས་ཅད་སློབ་དཔོན་ཡོན་ཏན་འོད་ཀྱིས་འདུལ་བའི་མདོར་གཏན་ལ་ཕབ་པ་ལྟར་བྱིན་ལེན་དང་རུང་ཆུ་འདེབས་པ་ཡན་ཆད་དགེ་སློང་གི་བསླབ་བྱ་ཕྲ་རགས་ཐམས་ཅད་ཐུགས་སུ་ཆུད་པར་མཛད་དེ་ལག་ཏུ་བདར་ནས་འདུལ་བ་ནས་བཤད་པའི་བཅས་རང་གི་ཉེས་པ་ཕྲ་མོས་ཀྱང་མ་གོས་པའི་ཚུལ་ཁྲིམས་རྣམ་པར་དག་པར་བསྲུང་བར་མཛད། ཚུལ་ཁྲིམས་ཀྱི་མཐུ་ལས་སྐྱེས་པའི་དྲི་བཟང་པོ་རྫི་ཕྱོགས་མིན་པར་འཕྲོ་བ་ཞིག་ཡོད་པར་། དོན་འདི་ལ་དགོངས་ནས་རྗེ་མས་ཅད་མཁྱེན་པས་བཤེས་གཉེན་ཆེན་པོ་འདི་ལ། རྣམ་དག་ཚུལ་ཁྲིམས་ངད་ལྡང་བཟང་ཆེན་པ། །ཞེས་བསྔགས་སོ། །

              ལྷ་འགྲོ་བའི་མགོན་པོ་ལ་རྒྱལ་བའི་བཀའ་དང་ཤིང་རྟ་ཆེན་པོའི་གཞུང་མང་པོ་གསན་ཏེ་གཞུང་ལུགས་རྣམས་ལ་མཁས་པའི་ཕུལ་དུ་ཕྱིན་པར་གྱུར་པ་ན་རང་གི་ཡོན་ཏན་གྱི་སྟོབས་ཀྱིས་དགེ་འདུན་ཚང་མས་བཟང་ཆེན་གྱི་གདན་སར་བསྐོས་ཏེ་ཆོས་གྲྭ་ཆེན་པོ་དེའི་སེང་གེའི་ཁྲི་ལ་བཞུགས་ནས་ཤིང་རྟ་ཆེན་པོའི་གཞུང་ལུགས་རྣམས་རྒྱ་ཆེར་སྤེལ་བས་དགེ་བའི་བཤེས་གཉེན་བཟང་ཆེན་པ་ཞེས་ཕྱོགས་ཀུན་ཏུ་སྙན་པར་གྲགས། དེ་ནས་ལྷ་འགྲོ་བའི་མགོན་པོ་བཟང་ཆེན་དུ་གདན་དྲངས་ནས་མཆོད་ཅིང་བསྙེན་བཀུར་ཏེ་རྒྱལ་བའི་གསུང་རབ་དགོངས་འགྲེལ་དང་བཅས་པ་མཐའ་དག་གི་དོན་གང་ཟག་གཅིག་གི་ཉམས་ལེན་གྱི་རིམ་པར་དྲིལ་བ་དཔལ་ཨ་ཏི་ཤའི་མན་ངག་བྱང་ཆུབ་ལམ་གྱི་རིམ་པའི་མྱོང་ཁྲིད་ལེགས་པར་གསན། དེ་ཡང་ཐོས་ལོ་ཙམ་ལ་མ་བཞག་པར་ཚུལ་བཞིན་དུ་ཉམས་སུ་བླངས་པས་མྱོང་བ་ལེགས་པར་ཐོན། ལྷ་འགྲོ་བའི་མགོན་པོ་ལ་བཀའ་གདམས་གཞུང་དྲུག་གསན་ཏེ་ལམ་གྱི་རིམ་པའི་དམིགས་སྐོར་མཐའ་དག་ཤིང་རྟ་ཆེན་པོའི་གཞུང་དང་སྦྱར་ཏེ་འཆད་པ་ལ་མི་འཇིགས་པའི་སྤོབས་པ་ཐོབ། ཁ་ཆེ་པཎ་ཆེན་ཤཱཀྱ་ཤྲཱི་བཟང་ཆེན་དུ་གདན་དྲངས་ཏེ་མདོ་སྔགས་ཀྱི་ཆོས་མང་དུ་གསན།

              སྲས་ཀྱི་ཐུ་བོ་མཚོ་སྣ་བ་ཆེན་པོ་སོགས་སྐལ་བ་དང་ལྡན་པ་མང་པོ་ལ་བྱང་ཆུབ་ལམ་གྱི་རིམ་པའི་ཁྲིད་དང་ཤིང་རྟ་ཆེན་པོའི་གཞུང་ལུགས་རྣམས་རྒྱ་ཆེར་སྤེལ་བར་མཛད་ནས་མཐར་དགུང་ལོ་བདུན་ཅུ་རྩ་ལྔ་རུ་ཕེབས་པའི་ཚེ་ཤ་དུག་ཞིག་གིས་སྐུ་བསྙུན་པ་ན་དགེ་འདུན་ཐམས་ཅད་ཀྱིས་རིམ་གྲོ་རྒྱ་ཆེར་མཛད་ཅིང༌། ཆོས་སྐྱོང་མགོན་པོ་ཏྲཀྴད་ཀྱིས་ཀྱང་བྱ་རོག་ཏུ་སྤྲུལ་ནས་རྒྱ་བལ་ནས་ཨ་རུ་ར་རློན་པ་བླངས་ཏེ་ཕུལ་བ་སོགས་ཐབས་དང་རིམ་གྲོ་ཅི་བྱས་ཀྱང་མ་བཟློག་པར་ཞིང་གཤེགས། དགེ་འདུན་རྣམས་ཀྱིས་མཆོད་པ་རྒྱ་ཆེར་བྱས་ཏེ་སྤུར་གྱི་མཆོད་རྟེན་བཞེངས་པའི་དྲུང་ན་ཆོས་སྐྱོང་ཏྲཀྴད་ཀྱིས་ཕུལ་བའི་ཨ་རུ་ར་རློན་པ་དེ་བཞག སྤུར་གྱི་ཞལ་ནུབ་ཕྱོགས་སུ་བསྟན་པ་ཞིག་བྱུང་བས་གྲྭ་སྐོར་དུ་བཀའ་གདམས་ཀྱི་བསྟན་པ་རྒྱ་ཆེར་འཕེལ་བའི་རྟེན་འབྲེལ་དུ་བྱུང་ཞེས་གླེང་ངོ༌། །བཤེས་གཉེན་ཆེན་པོ་འདི་ལ་རྒྱུད་འཛིན་གྱི་སློབ་མ་མང་དུ་བྱུང་བ་ལས་སྲས་ཀྱི་ཐུ་བོ་ནི་མཚོ་སྣ་བ་ཆེན་པོའོ། །

             དེས་ན་བྱང་ཆུབ་ལམ་རིམ་ལ་བློ་སྦྱོང་བར་འདོད་པ་རྣམས་ཀྱིས་བཤེས་གཉེན་ཆེན་པོ་འདི་ལ་གསོལ་བ་འདེབས་ཤིང་འདིའི་རྣམ་ཐར་ལྟར་ཚུལ་ཁྲིམས་རྣམ་པར་དག་པ་གཞིར་བཟུང་ནས་བྱང་ཆུབ་ལམ་གྱི་རིམ་པ་ལ་བློ་སྦྱོང་ཞིང་གཞུང་ལུགས་གདམ་པར་འཆར་བ་ཞིག་འོང་བར་བྱའོ།། །།

                                                                                                                                         རྩོམ་སྒྲིག་པ། མང་ར་བ།
            གསལ་འདེབས། 
                     རྩོམ་འདིའི་པར་དབང་ངེད་དགེ་ལུགས་པའི་དྲ་བར་གཏོགས་པས་གང་འདོད་དུ་གཞན་དུ་མི་འགོད་པ་དང་། གལ་ཏེ་འགོད་ན་རྩོམ་ཁུངས་དང་སྦྲེལ་ཐག་གསལ་པོར་དགོད་པར་ཞུ།
                    དྲ་བའི་སྦྲེལ་ཐགhttp://www.tb1025.cn

བརྒྱུད་འགོད།