ལྷ་འགྲོ་བའི་མགོན་པོའི་རྣམ་ཐར།

ཡོང་ཁུངས།   ངེད་དགེ་ལུགས་པའི་དྲ་བ།     སྤེལ་དུས།  2017-04-24 10:42:20     རྩོམ་པ་པོ།   ཡོངས་འཛིན་ཡེ་ཤེས་རྒྱལ་མཚན།     ཀློག་ཐེངས།  

3a8f29e5b4891f4fbe3d77181058eb6b_.jpg

              ཁམས་གསུམ་འགྲོ་བའི་མགོན་པོ་རིན་པོ་ཆེ། ཞེས་བསྔགས་པ། ལྷ་འགྲོ་བའི་མགོན་པོ་ནི། ཕོ་བྲང་ཁང་དམར་དུ་ཡབ་ཇོ་འབག་དང༌། ཡུམ་ལྷ་འབྲི་སྒང་པའི་ལྕམ་མོ་ལྷ་གཅིག་འཛམ་གླིང་རྒྱན་གཉིས་ཀྱི་སྲས་སུ་མེ་ཕོ་རྟ་ལ་འཁྲུངས། སྐུ་གཞོན་ནུ་ནས་དམ་པའི་ཆོས་འཚོལ་བ་ལྷུར་ལེན་པ་ཞིག་བྱུང་སྟེ། ལོ་དྲུག་ལོན་པའི་ཚེ་ཀོང་འདུལ་བ་འཛིན་པ་ཆེན་པོ་ལ་བསྙེན་གནས་ཀྱི་སྡོམ་པ་མནོས། དེ་ནས་ཁྱིམ་གྱི་གནས་བཙོན་ར་ལྟ་བུར་མཐོང་སྟེ་ངེས་འབྱུང་ཤུགས་དྲག་པོས་བསྐུལ་ནས་ལོ་བཅུ་དྲུག་པ་ལ་འཆད་ཁར་ཁུ་བོའི་དྲུང་དུ་བྱོན་ནས་དགེ་བསྙེན་གྱི་སྡོམ་པ་མནོས། དེའི་མོད་ལ་སྐྱོར་མོ་ལུང་དུ་སྦལ་ཏི་ལ་མཁན་པོ་དང༌། གྲོས་བའི་དགེ་བཤེས་གནས་བརྟན་ལ་སློབ་དཔོན་ཞུས་ཏེ་རབ་ཏུ་བྱུང་ནས་མཚན་དབང་ཕྱུག་འོད་དུ་བཏགས། ཕྱིས་པོ་ཏོར་དགེ་བཤེས་གནས་བརྟན་ལ་མཁན་པོ་དང༌། སུ་གུ་དོ་ནས་དགེ་བཤེས་རྒྱལ་ཚ་གདན་དྲངས་ནས་ལས་ཀྱི་སློབ་དཔོན་ཞུས། ཇོ་བཙུན་པས་གསང་སྟེ་སྟོན་པ་མཛད་དེ་བསྙེན་པར་རྫོགས་ནས་འདུལ་བའི་བསླབ་བྱ་རྣམས་ལེགས་པར་བསླབས་ཏེ་ཕྱག་ལེན་ལ་ཐེབས་པར་མཛད། དེ་ནས་རང་གི་ཁུ་བོ་ལྷ་ལུང་གི་དབང་ཕྱུག་བསམ་སྦྱོར་གཉིས་ཀྱིས་ཚུལ་བཞིན་དུ་བསྟེན་ཏེ་སྤྱིར་ཆོས་མང་དུ་གསན་ཅིང༌། ལྷག་པར་ཇོ་བོ་ཡབ་སྲས་ནས་དགེ་བའི་བཤེས་གཉེན་པོ་ཏོ་བ་ཆེན་པོ་ལ་བརྒྱུད་པའི་བཀའ་གདམས་གཞུང་པའི་མན་ངག་བྱང་ཆུབ་ལམ་གྱི་རིམ་པའི་འགོ་བཤེས་གཉེན་བསྟེན་ཚུལ་ནས་ཞི་ལྷག་གི་བར་དམིགས་སྐོར་རེ་རེ་ནས་སྙན་བརྒྱུད་ཀྱི་མན་ངག་གིས་ངོ་སྤྲོད་དང་རྒྱལ་བའི་བཀའ་དང་ཤིང་རྟ་ཆེན་པོའི་གཞུང་གི་སྟེང་ནས་ངེས་པ་ཕུལ་ཕྱིན་འདྲེན་ཚུལ་རྣམས་ཡོངས་སུ་རྫོགས་པར་གསན་ཞིང་ཐུགས་ཉམས་སུ་བཞེས་ཏེ་གདེང་ཐོབ་པར་མཛད།

              ཁུ་བོ་ལྷ་ལུང་གི་དབང་ཕྱུག་ཞིང་གཤེགས་ནས་སྤྱིལ་བུ་དང་འཆད་ཁའི་གདན་ས་མཛད་དེ། ཆུ་མོ་སྦྲུལ་ནས། ས་མོ་ལུག་གི་བར་ལོ་ཉི་ཤུ་རྩ་བདུན་བཞུགས་ནས་བསྟན་པའི་བདག་པོ་མཛད། པོ་ཏོ་གནས་བརྟན་དང༌། བཀའ་གདམས་གཞུང་པའི་བཤེས་གཉེན་རྣམས་གྲོས་མཛད་དེ་པོ་ཏོ་སྡེ་མ་ལག་དང་བཅས་པ་ཕུལ། ཀོང་པོ་ནས་རྟ་བར། བུ་ཆུ་བྱང་ལུང་གསུམ་གྱིས་ཐོག་དྲངས་པའི་སྡེ་པ་སུམ་ཅུ་ཙམ་གྱིས་གཙུག་ལག་ཁང་གི་ལྡེ་མིག་གཏད་ནས་ཕུལ། དྭགས་པོ་ནས་བླ་གདའ། ཀན་ན་མོ་ཤོད་ཀྱིས་ཐོག་དྲངས་པའི་སྡེ་པ་མི་སྡེ་དང་བཅས་པ་ཕུལ། ཕྱིས་ཀྱང་ཡུན་རིང་པོར་དེ་རྣམས་སུ་དཀོན་གཉེར་དང་མི་དཔོན་བསྐོས། གཉལ་ནས་ཟངས་པོ་ཆེ་བས་གདན་དྲངས་ཏེ་སྐུ་འབུམ་ཆེན་མོའི་རབ་གནས་མཛད། ཟངས་པོ་ཆེ་སྡེ་མ་ལག་དང་བཅས་པ་ཕུལ་ནས་གཙུག་ལག་ཁང་གི་ལྡེ་མིག་ཕུལ། རོང་རྩེ་དཀར་དུ་གདུང་ཁང་ཆེན་མོའི་རབ་གནས་ལ་སྤྱན་དྲངས་ནས་སྡེ་མ་ལག་དང་བཅས་པ་ཕུལ། དུས་ཕྱིས་ཀྱང་ཟངས་པོ་ཆེ་དང༌། གྲ་སྐོར་ན་སྤྱིལ་བུ་བའི་ཆོས་རྒྱུད་འཛིན་པ་མང་དུ་བྱུང་ངོ༌། །ཨེ་ནའང་བུ་དལ་ལ་སོགས་པ་ནས་ཡོན་བདག་དང་བུ་སློབ་མང་དུ་བྱུང༌། ཐུན་མོང་བ་བྱང་ཆུབ་ལམ་གྱི་རིམ་པ་དང༌། ཐུན་མོང་མིན་པ་རྡོ་རྗེ་ཐེག་པའི་ལམ་ལ་སྦྱངས་ཏེ་བསྙེན་སྒྲུབ་མཛད་པས་ཡི་དམ་མང་པོའི་ཞལ་གཟིགས་ཤིང་ལྷག་པར་མི་གཡོ་བ་དངོས་སུ་གྲུབ་པས་མི་གཡོ་བའི་སྤྲུལ་པར་གྲགས་པ་བྱུང༌། ཡར་ཀླུངས་སུ་གོང་པོ་རིར་སེང་གེ་སྒྲའི་ཞལ་གཟིགས།

              པོ་ཏོ་ན་དགེ་བཤེས་འདི་ལ་ཆོས་གསུངས་པའི་ཐུབ་པའི་སྐུ་གཅིག་ཀྱང་བཞུགས། བསྟན་པའི་ནང་མཛོད་འདུལ་བ་གཙོ་བོར་མཛད་པས་སྤྱིལ་བུར་ཚུལ་བཞུགས་གཅིག་གི་སྟེང་དུ་གནས་བརྟན་བཅུ་དྲུག་དངོས་སུ་བྱོན་པས། འགྲོ་བའི་མགོན་པོ་ལ་གནས་བརྟན་བཅུ་དྲུག་གིས་བསྐོར་བའི་ཐང་སྐུ་ཡང་མང་དུ་འཕེལ། དབྱར་གནས་ཀྱི་ཚེ་གནས་བརྟན་བཅུ་དྲུག་གི་ཚུལ་ཤིང་རེ་ཡང་ལེན། མང་ཇའི་དུས་སུ་གནས་བརྟན་གསོལ་འདེབས་འཆག་མེད་མཛད། ལྷ་སར་ཇོ་བོས་ཆོས་གསུངས་ཤིང་རྭ་སྒྲེང་དུ་བྱོན་པའི་ཚེ་ཇོ་བོ་རྗེ་དཔལ་ལྡན་ཨ་ཏི་ཤས་ཞལ་དངོས་སུ་བསྟན་ནས་གདམས་པ་དང་རྗེས་སུ་བསྟན་པ་མང་དུ་སྩལ།བདག་ཉིད་ཆེན་པོ་འདི་ཡི་དམ་ལྷའི་བསྙེན་སྒྲུབ་མཐར་ཕྱིན་པས་འདམ་དུ་ལྷ་མོ་ཆེ་ཞིག་ལ་གདོན་ཞུགས་ནས་སུས་ཀྱང་མ་ཐོན་པ་ལ་དེར་བྱོན་ནས་བགེགས་སྐྲོད་མཛད་པས་ལྷའི་མཆན་ཁུང་གཉིས་ནས་ཕུག་རོན་རེ་འཕུར་ཞིང༌། དེ་གཉིས་སྤྱང་ཀིར་སོང་བ་ཀུན་གྱིས་མཐོང་བ་བྱུང་སྟེ།དེ་ནས་རབ་གནས་ལེགས་པར་མཛད། འགྲོ་མགོན་ཆོས་རྒྱལ་འཕགས་པ་ཕྱིར་ཐེགས་དུས་དགེ་བའི་བཤེས་གཉེན་གཞན་རྣམས་ཕྱིར་ལོག དགེ་བའི་བཤེས་གཉེན་འགྲོ་མགོན་རིན་པོ་ཆེ་ཁྱེད་དང་འབྲལ་མི་ཕོད་པར་འདུག་ལྷན་ཅིག་ཏུ་གཤེགས་གསུངས་ནས་ཤ་པོ་སྲང་བར་ཚུར་བྱོན།

              མཁས་བཙུན་དང་མི་ཆེན་མང་པོའི་དོན་མཛད་ནས་རང་ལོ་དོན་བཞི་པ་ས་མོ་ལུག་གི་ལོ་སྟོན་ཟླ་ཐ་ཆུང་གི་ཉེར་གཅིག་ལ་སྤྱིལ་བུར་གཤེགས་སོ། །དེ་ནས་སློབ་མ་རྣམས་ཀྱིས་མཆོད་པ་རྒྱ་ཆེར་བྱས་ཏེ་སྐུ་གདུང་བཞུ་བས་ལྷ་སྐུ་ལ་སོགས་པའི་རྟེན་མང་དུ་བྱོན་ཞིང༌། ཁྱད་པར་ཐུགས་ལྗགས་སྤྱན་གསུམ་བྱོན་པ་སྤྱན་སྤྱིལ་བུའི་ནང་རྟེན་གསེར་སྐུའི་ནང་དུ་བཞུགས།ཐུགས་འཆད་ཁ་བས་གདན་དྲངས་ནས་ངོ་སྒྲའི་གདུང་ཁང་ན་བཞུགས། ལྗགས་སུ་གུ་དོར་གདན་དྲངས་ནས་བྱང་ཆུབ་ཆེན་པོའི་ནང་ན་བཞུགས། དུང་གཡས་འཁྱིལ་བཞི་བྱོན་པ་ལ་གཅིག་རུག་པའི་གསེར་སྐུར་བཞུགས། གཅིག་སྤངས་པའི་རྟེན་སྐལ་ལ་གདུང་ཁང་ན་བཞུགས་ནས་ངོ་སྤྲད་ཡོད། གཅིག་ད་ལྟ་སྤྱིལ་བུའི་ནང་རྟེན་ལ་བཞུགས་སོ། །ལྷ་ལུང་གི་དབང་ཕྱུག་དང༌། ལྷ་འགྲོ་བའི་མགོན་པོ་གཉིས་པོ་འདི་དང་འདི་གཉིས་ཀྱི་ཆོས་རྒྱུད་འཛིན་པ་སྤྱིལ་བུ་དང་འཆད་ཁའི་གདན་ས་བ་གསུམ་ཙམ་དང་བཅས་བཀའ་གདམས་གླེགས་བམ་ལས་གསལ་བར་ལུང་བསྟན་པ་ནི། སེ་སྤྱིལ་བ་ལུང་བསྟན་པའི་འཕྲོ་ནས། ཁྱེད་ལ་ཤཱཀྱའི་གདུང་རིགས་འཛིན་པ་ལྷའི་ལྷ་ཞིག་ནས་བཟུང་ལྔ་ལས་མི་ཉུང་བ་འབྱུང༌། ཞེས་སོགས་གསལ་བར་ལུང་བསྟན་ཏོ། །བདག་ཉིད་ཆེན་པོ་འདི་འཕྲིན་ལས་ཀྱི་ཁྱབ་བདལ་བླ་ལྷག་ཏུ་ཆེ་བ་ཞིག་བྱུང་བས་རྗེ་ཐམས་ཅད་མཁྱེན་པས། ཁམས་གསུམ་འགྲོ་བའི་མགོན་པོ་རིན་པོ་ཆེ། །ཞེས་བསྔགས་པ་ཆེ་བར་མཛད་དོ། །

             འགྲོ་མགོན་རིན་པོ་ཆེ་འདི་ལ་སློབ་མ་བསམ་གྱིས་མི་ཁྱབ་པ་ཞིག་ཡོད་ཀྱང༌། སྲས་ཀྱི་ཐུ་བོ་བཀའ་གདམས་གཞུང་པའི་རྒྱུད་འཛིན་ཆེན་པོ་ནི་དགེ་བའི་བཤེས་གཉེན་བཟང་ཆེན་པའོ། །དེས་ན་བྱང་ཆུབ་ལམ་གྱི་རིམ་པ་ལ་བློ་སྦྱོང་བར་འདོད་པ་རྣམས་ཀྱིས་ལྷ་འགྲོ་བའི་མགོན་པོ་འདི་ལ་གསོལ་བ་འདེབས་ཤིང༌། འདིའི་རྣམ་ཐར་ལྟར་བཀའ་གདམས་ཀྱི་རྣམ་ཐར་གཙང་མ་བསྲེ་བསླད་མེད་པར་སྐྱོང་ཞིང་བྱང་ཆུབ་ལམ་གྱི་རིམ་པའི་ལམ་ཐུན་མོང་བ་དང་ཐུན་མོང་མིན་པ་གཉིས་ཀ་ལ་བག་ཆགས་ཅི་ཐེབས་བྱའོ།། །།

                                                                                                                                     རྩོམ་སྒྲིག་པ། མང་ར་བ།
             གསལ་འདེབས། 
                        རྩོམ་འདིའི་པར་དབང་ངེད་དགེ་ལུགས་པའི་དྲ་བར་གཏོགས་པས་གང་འདོད་དུ་གཞན་དུ་མི་འགོད་པ་དང་། གལ་ཏེ་འགོད་ན་རྩོམ་ཁུངས་དང་སྦྲེལ་ཐག་གསལ་པོར་དགོད་པར་ཞུ།
                        དྲ་བའི་སྦྲེལ་ཐགhttp://www.tb1025.cn

བརྒྱུད་འགོད།