བྱང་སེམས་སྤྱིལ་བུ་བའི་རྣམ་ཐར།

ཡོང་ཁུངས།   ངེད་དགེ་ལུགས་པའི་དྲ་བ།     སྤེལ་དུས།  2017-04-24 10:32:45     རྩོམ་པ་པོ།   ཡོངས་འཛིན་ཡེ་ཤེས་རྒྱལ་མཚན།     ཀློག་ཐེངས།  

1731dc1fe15d48d53a5376263988ab3f_.jpg

              ལུང་རྟོགས་མངའ་བདག་བྱང་སེམས་སྤྱིལ་བུ་བ། ཞེས་བསྔགས་པ། སེམས་དཔའ་ཆེན་པོ་སེ་སྤྱིལ་བུ་བ་ནི། གཉལ་སྟོད་དར་མ་སྒང་དུ་ལྕགས་མོ་གླང་ལ་འཁྲུངས། སེ་ཞེས་པ་རུས་མིང་ངོ༌། །སྔོན་ཡུན་རིང་པོ་ནས་ལམ་ལ་སྦྱངས་པའི་མཐུས་སྐུ་གཞོན་ནུ་ནས་གཞན་གྱིས་བསྐུལ་བ་ལ་མ་བལྟོས་པར་ངེས་འབྱུང་གི་བསམ་པ་ཤུགས་དྲག་པོས་ཀུན་ནས་བསླངས་ཏེ་དགེ་བཤེས་ཆ་པའི་དྲུང་དུ་རབ་ཏུ་བྱུང༌། ལོ་ལོན་ནས་མཁན་པོ་དེ་ཉིད་ལས་བསྙེན་པར་རྫོགས་མཚན་ཆོས་ཀྱི་རྒྱལ་མཚན་ཞེས་བཏགས། ལྷན་ཅིག་སྐྱེས་པའི་བློ་གྲོས་རབ་ཏུ་གསལ་བས་སྡེ་སྣོད་གསུམ་གྱི་བརྗོད་བྱའི་གནས་རྣམས་ལ་མཁས་པའི་ཕུལ་དུ་ཕྱིན་པར་གྱུར། དེའི་ཚེ་ཐུགས་བསམ་འདི་ལྟ་བུ་དག་འཁྲུངས་པར་ངེས་ཏེ། རྒྱལ་བའི་བཀའ་དང་དགོངས་འགྲེལ་གྱི་བསྟན་བཅོས་ཐམས་ཅད་རང་གི་རྒྱུད་འདུལ་བའི་ཆེད་དུ་གསུངས་ཤིང༌། ཤེས་རྒྱུད་འདུལ་བའི་ཐབས་མཆོག་ཏུ་གྱུར་པ་ནི་བྱང་ཆུབ་ལམ་གྱི་རིམ་པ་དང༌། དེའི་ཡང་སྙིང་པོ་ཐེག་པ་ཆེན་པོའི་བློ་སྦྱོང་འདི་ཡིན་པར་ངེས་པས་ཐེག་ཆེན་བློ་སྦྱོང་གི་བདག་པོ་སེམས་དཔའ་ཆེན་པོ་འཆད་ཁ་བའི་ཞབས་ལ་གཏུགས་ཏེ་ལམ་རིམ་བློ་སྦྱོང་གི་གདམས་པ་སླར་སུ་ལའང་འདྲི་མི་དགོས་པ་ཕུ་ཐག་ཆོད་པ་ཞིག་ཞུས་ལ་ཚེ་དང་སྒྲུབ་པ་མཉམ་པ་ཞིག་བྱེད་སྙམ་པའི་འདུན་པ་ཤུགས་དྲག་པོ་འཁྲུངས་ནས་དགེ་བའི་བཤེས་གཉེན་འཆད་ཁ་བ་ཆེན་པོའི་ཞབས་དྲུང་དུ་ཕེབས་ཏེ། དགེ་བཤེས་འཆད་ཁ་བ་ལྷ་སྡིངས་སུ་བཞུགས་དུས་མཇལ། བློ་སྦྱོང་གི་གདམས་པ་ཐོག་མར་དེར་གསན།

              ལོ་ཉི་ཤུ་རྩ་བཞིའི་བར་དུ་དགེ་བཤེས་འཆད་ཁ་བ་ཆེན་པོ་བསྟེན་ནས་བློ་སྦྱོང་ཁོ་ན་ལ་ཉན་བསམ་བྱས་གསུངས་ཏེ། དགེ་བཤེས་འཆད་ཁ་བ་ཐོག་མར་མཇལ་བ་ནས་བཟུང་ནམ་གཤེགས་ཀྱི་བར་དུ་འབྲལ་མེད་དུ་བསྟེན་ནས་བློ་སྦྱོང་གི་གདམས་ངག་ཞུས། སྒོ་གསུམ་གྱི་སྤྱོད་པ་ཐམས་ཅད་བློ་སྦྱོང་ཁོ་ནའི་གྲོགས་སུ་འགྲོ་བ་ཞིག་མཛད་ནས་ལམ་གྱི་རིམ་པའི་ལུས་སྤྱི་དང༌། ཁྱད་པར་བྱང་ཆུབ་ཀྱི་སེམས་རིན་པོ་ཆེ་ལ་བཅོས་མིན་གྱི་མྱོང་བ་འཁྲུངས་ནས་བདག་ཉིད་མི་ཉམས་པའི་གདེང་ཐོབ་པ་ན་སྐལ་བ་དང་ལྡན་པ་གཞན་མང་པོ་ལའང་ཆོས་ཀྱི་བདུད་རྩི་སྩལ། སྔར་འཆད་ཁ་བ་ཆེན་པོས་ལུང་བསྟན་པ་བཞིན། ཤིང་སྤྲེལ་ལ་འཆད་ཁ་གསར་མ་བཏབ། བྱ་འཆད་ཀྱི་ནང་རྟེན་ལ་སྐུ་ལྡེར་རིན་པོ་ཆེ་དང༌། ཕྱི་རྟེན་གྱི་འབུམ་པ་ལ་སོགས་པ་བཞེངས་ཏེ་ཚོགས་བསྡུས་ནས་འཆད་ཁ་དང་ལྷ་སྡིངས་ལ་སོགས་པར་ཆོས་མང་དུ་གསུངས་ཤིང༌། བློ་སྦྱོང་ལའང་ཚོགས་ཆོས་ཁོ་ནར་མཛད། དེ་ནས་དུས་ནམ་ཞིག་ན་ཤིན་ཏུ་དབེན་པའི་གནས་ཤིག་ཏུ་འབྱོན་བཞེས་དེ་བྱོན་ན་བཞུགས་པའི་དུས། སྤྱིལ་དུ་འཕོ་ཁར་དགེ་སློང་སྐྱེའུ་ཆུང་ན་རེ། དགེ་བཤེས་ཆེན་པོའི་སློབ་མ་མང་བ་ཞིག་བྱོན་པ་ལ། སྐུ་ཚེ་ཐུང་བར་བྱུང་བ་དེ་ཅིས་ལན་ན་ངའི་བསམ་པ་ལ་སྔགས་དང་ཕ་རོལ་ཏུ་ཕྱིན་པ་གཉིས་ཀ་ལ་བློ་སྦྱོང་འདི་ལས་ཟབ་པ་གང་ནའང་མི་འདུག་པ་ལ་དེ་ལ་ཚོགས་ཆོས་བྱས་པས་དེས་ལན་ངེས་སྙམ་པ་ཞིག་བྱུང་ཟེར་བས། དེ་བདེན། འདི་བས་ཟབ་པ་མེད། ཚོགས་སུ་བཤད་པའི་འོས་མིན། དགེ་བཤེས་འཆད་ཁ་བ་ཆེན་པོ་ལ་འཛམ་གླིང་གི་སའི་ཆ་མཐའ་དག་ནས་བློ་སྦྱོང་དོན་དུ་གཉེར་བའི་གདུལ་བྱ་འདུས་པ་ན་རེ་རེ་ནས་ཁྲིད་ཀྱིས་མ་ལང་བས་ཚོགས་ཆོས་སུ་གསུངས། དེ་སྲོལ་དུ་སོང་བ་ཡིན་གསུངས་ནས་དམ་པར་མཛད། དེ་ནས་ཤིན་ཏུ་དབེན་པ་ལ་དགྱེས་པས།ཀླུངས་ཤོད་དུ་སྤྱིལ་བུའི་དགོན་པ་བཏབ་སྟེ་རྣམ་གཡེངས་སྤངས་ནས་སྟོད་དུ་མཁར་གོང་ལ་ཁ་དང༌། སྨད་དུ་ཉུང་ཞིང་སྒང་དུ་མཚམས་ཐོ་བརྒྱབ་ནས་ལོ་བདུན་མཚམས་དམ་པོར་བཅད་ནས་ལམ་རིམ་བློ་སྦྱོང་རྩེ་གཅིག་ཏུ་སྒོམ་པར་མཛད།

              སྤྱིལ་དུ་བཞུགས་རིང་ལ་ཚོགས་ཆོས་སུ་ལན་གསུམ་ལས་མ་གནང༌། དེ་རྣམས་ཀྱི་དུས་སུའང་ཚོགས་ཆོས་ཀྱི་འོས་མ་ཡིན་ཏེ། ཁོང་མི་ཆེན་གྱིས་ཞུས་པས་ངོ་མ་བཟོད་པ་ཡིན། ད་ཚོགས་སུ་འདི་ལས་འཆད་པ་མི་འོང་བས་ཁྱེད་རང་ཐམས་ཅད་ནན་ཆགས་གྱིས་ཤིག་གསུངས། སྤྱིལ་དུ་མཆོད་ཁང་རང་ཡང་མེད་པར་འདི་ཁོ་ན་སྦྱང་སྙམ་པ་ཡིན་པ་ལ་གསུངས། ཐུགས་དམ་ཡང་འདི་ཁོ་ན་ལ་མཛད་པས། ཡེངས་པ་ལ་སོགས་པ་ཅི་བྱུང་ཡང་བློ་སྦྱོང་མི་འཆོར། རྟོགས་པ་ཡང་འདི་ཚིག་གིས་བགྲངས་པའི་དུས་སུ་སྐྱེས་པ་ཡིན་གསུངས། དེ་ནས་བྲག་དཀར་གནས་བརྟན་ལ་སོགས་པ་འཆད་ཁ་བ་རྣམས་ཀྱིས་སྤྱན་དྲངས་པས་དགུན་ཆོས་ལ་འབྱོན་པར་ཞལ་གྱིས་བཞེས་ནས་བྱོན། དེ་ནས་ཞིང་ནམ་གཤེགས་བར་དབྱར་གྱི་ཚུལ་འཇུག་སྤྱིལ་བུར་མཛད། དགུན་ཆོས་འཆད་ཁར་མཛད་པའི་སྲོལ་བྱུང༌། འཆད་ཁ་བ་གཤེགས་ནས་མེ་སྤྲེལ་ནས་ས་བྱའི་བར་དགོན་པ་གོང་འོག་ཏུ་ལོ་བཅུ་བཞི་བཞུགས་ཏེ། རང་ལོ་དྲུག་ཅུ་རྩ་དགུ་པ་ས་མོ་བྱའི་དབྱར་ཟླ་ར་བའི་ཚེས་བཅུ་གསུམ་ལ་སྤྱིལ་བུར་དེད་དཔོན་རྒྱ་མཚོ་ཆེན་པོ་ནས་ཡིད་བཞིན་གྱི་ནོར་བུ་ཐོབ་སྟེ་རང་ཡུལ་དུ་འགྲོ་བ་དང༌། བུ་བྱེས་སུ་འཁྱམས་པ་ཕ་ཁྱིམ་དུ་འགྲོ་བ་ལྟར་དགའ་བཞིན་སྤྲོ་བཞིན་དུ་ཞི་བར་གཤེགས་ཏེ་དགའ་ལྡན་ཆོས་ཀྱི་ཕོ་བྲང་དུ་ཕེབས་སོ། །

              སེམས་དཔའ་ཆེན་པོ་འདི་ནི་བཀའ་གདམས་གླེགས་བམ་རིན་པོ་ཆེ་ནས་གསལ་བར་ལུང་བསྟན་ཏེ།གླེགས་བམ་ལས། རེ་ཞིག་སྤྱིལ་བུ་མཛད་ནས་བཞུགས་པས། དགེ་སློང་དང་དགེ་ཚུལ་གྱི་བྱང་ཆུབ་སེམས་དཔའ་དུ་མ་འདུས་ཏེ། སེང་ལྡེང་ནགས་ཀྱི་རི་བོ་ལ་སེང་ལྡེང་ནགས་ཀྱི་སྒྲོལ་མས་བྱིན་གྱིས་བརླབས་པའི་སྐྱེས་བུ་དམ་པ་གཅིག་དྲུང་དུ་བསྟེན་པ་ལ།བྱང་ཆུབ་སེམས་དཔའ་དཔའི་ཞལ་ནས། ཁྱེད་སྔོན་བདག་ཅག་གི་བླ་མ་རྒྱལ་བའི་འབྱུང་གནས་ཀྱི་བླ་མ་སེ་བཙུན་བྱ་བ་ཞིག་ཡོད། དེ་ཡིན་འདུག་དེའི་རིགས་སུའང་གདའ། ད་ཁྱེད་རང་ཀླུངས་ཤོད་ཀྱི་ནང་ན་སྤྱིལ་བུ་བྱ་བའི་ལུང་པ་ཡོད། དེ་ལྷས་བྱིན་གྱིས་བརླབས་པའི་ཡུལ་ཡིན་དེར་སོང༌། ལ་ཤཱཀྱའི་གདུང་རིགས་འཛིན་པ་ལྷའི་ལྷ་ཞིག་ནས་ལྔ་ལས་མི་ཉུང་བར་འབྱུང༌། ཞེས་གནས་དང་བཅས་པ་གསལ་བར་ལུང་བསྟན་ཏོ། །

              འདིས་ནི་ལྷ་ལུང་གི་དབང་ཕྱུག་དང༌།ལྷ་འགྲོ་བའི་མགོན་པོ་གཉིས་ཀྱང་བཀའ་གདམས་བསྟན་འཛིན་ཆེན་པོར་ལུང་བསྟན་པ་ཡིན་ནོ། །སེམས་དཔའ་ཆེན་པོ་སྤྱིལ་བུ་བ་འདི་ལ་བསྟན་འཛིན་གྱི་སློབ་མ་མང་དུ་བྱུང་བའི་ནང་ནས་བྱང་ཆུབ་ལམ་གྱི་རིམ་པའི་མན་ངག་ཡོངས་སུ་རྫོགས་པ་བུམ་པ་གང་བྱོར་ཐོབ་པའི་སྲས་ཀྱི་ཐུ་བོ་ནི་ལྷ་ལུང་གི་དབང་ཕྱུག་གོ དེས་ན་བྱང་ཆུབ་ལམ་གྱི་རིམ་པ་ལ་བློ་སྦྱོང་བར་འདོད་པ་རྣམས་ཀྱིས་སེམས་དཔའ་ཆེན་པོ་འདི་ལ་གསོལ་བ་འདེབས་ཤིང༌། སེམས་དཔའ་པོ་འདིའི་རྣམ་ཐར་ལྟར་བརྩོན་པ་ཐམས་ཅད་གཅིག་ཏུ་དྲིལ་ཏེ་བྱང་ཆུབ་ལམ་གྱི་རིམ་པའི་ཉམས་ལེན་ལ་འབད་པར་བྱའོ།། །།

                                                                         རྩོམ་སྒྲིག་པ། མང་ར་བ།
        གསལ་འདེབས། 
               རྩོམ་འདིའི་པར་དབང་ངེད་དགེ་ལུགས་པའི་དྲ་བར་གཏོགས་པས་གང་འདོད་དུ་གཞན་དུ་མི་འགོད་པ་དང་། གལ་ཏེ་འགོད་ན་རྩོམ་ཁུངས་དང་སྦྲེལ་ཐག་གསལ་པོར་དགོད་པར་ཞུ།
               དྲ་བའི་སྦྲེལ་ཐགhttp://www.tb1025.cn

 

བརྒྱུད་འགོད།