དགེ་བའི་བཤེས་གཉེན་འཆད་ཀ་བའི་རྣམ་ཐར་གཉིས་པ།

ཡོང་ཁུངས།   ངེད་དགེ་ལུགས་པའི་དྲ་བ།     སྤེལ་དུས།  2017-04-19 22:01:25     རྩོམ་པ་པོ།   ཡོངས་འཛིན་ཡེ་ཤེས་རྒྱལ་མཚན།     ཀློག་ཐེངས།  

4387002d236c29a58e863658f23c6139_.jpg

               དེ་ནས་གླང་རི་ཐང་པ་ལ་དད་ནས་མཇལ་དུ་བྱོན་ཏེ་ལྷ་སར་ཕེབས་དུས་གླང་རི་ཐང་པ་འདས་ཟེར་བ་གསན། ད་འོ་ན་ཁོང་གི་ཤུལ་ན་རྟོགས་པ་གང་མཐོ་དྲིས་པས། གཉན་མཐོ་ཟེར་ནས་འཁོར་གཉིས་བལྟར་བཏང༌། ཁོང་རང་གིས་ལྷ་སར་གསོལ་བ་འདེབས་ཀྱིན་བཞུགས། དེར་འཁོར་གཉིས་ལོག་བྱུང་ནས། གཉན་དང༌། བ་ཝ། མདོ་སྡེ་གསུམ་གདན་ས་ལ་མ་མཐུན་པར་འདུག་ཟེར་བ་གསན་པས། གདན་ས་ལ་མ་མཐུན་ན་བློ་སྦྱོང་གི་རེ་བ་མེད་སྙམ་དུ་གླང་ཐང་དུ་འབྱོན་རྩིས་བཤོལ།འོན་ཀྱང་དགེ་བཤེས་དེ་གསུམ་གདན་ས་ལ་མ་མཐུན་པ་དེ་ཆེ་འདོད་ཀྱིས་མ་མཐུན་པ་མིན། དགེ་བཤེས་གླང་ཐང་བའི་རྣམ་ཐར་ལྟར་གསུམ་གས་དམའ་ས་བཟུང་སྟེ་གཅིག་ལ་གདན་ས་བསྐོས་ན་ང་བས་ཉིད་ཅག་ཡོན་ཏན་ཆེ་བས་ང་མི་འོས་ཉིད་ཅག་གིས་མཛད་དགོས་ཞེས་ཟེར། གཞན་གཉིས་ཀྱང་དེ་ལྟར་ཟེར་ནས་མ་མཐུན་པ་ཡིན་ཞེས་བཀའ་གདམས་གོང་མའི་གསུང་སྒྲོས་ལས་འབྱུང་ངོ༌། །

              དེ་ནས་དགེ་བཤེས་མཆད་ཀ་པ་རང་ལོ་སུམ་ཅུ་པ་ལྕགས་ཁྱི་ལ་ཤ་ར་བ་ཆེན་པོ་ཞོའི་ཁང་པ་ན་བཞུགས་པའི་སྤྱན་སྔར་མཇལ། དབྱར་དེ་ཉན་ཐོས་ཀྱིས་གསུང་ཞིང་འདུག་པ་ཉན་པས། བྱིངས་སེ་ཉོག་སེ་བ་ཞིག་ལས་བློ་ཁུལ་བ་མ་བྱུང༌། དེར་བློ་སྦྱོང་གི་ཚིག་གསལ་བར་མ་བྱུང་བ་ལ་ཉིན་གཅིག་གྲྭ་པ་རྣམས་སྟོན་མོ་ལ་སོང་ནས། དགེ་བའི་བཤེས་གཉེན་ཤ་ར་བ་འབུམ་པ་ལ་བསྐོར་བ་མཛད་པའི་དྲུང་དུ་ཕྱིན་ནས་ཁོང་རང་གི་ཕྱམ་ཚེ་བཏིངས་ཏེ། དགེ་བའི་བཤེས་གཉེན་པ་འདིར་བཞུགས་པར་ཞུ་དང་ཞུས་པས། དེར་སྡད་ནས་ཅི་བྱེད་གསུངས། གྲོས་ཤིག་ཞུ་བ་ལགས་བྱས་པས། ངས་གྲོགས་ཐག་ཐམས་ཅད་ཆོས་ཁྲིའི་ཁ་ནས་བཅད་པ་ཡིན། དེར་མ་ཆོད་པ་ཅི་ཡོད་གསུངས། བདག་གིས་མཐོང་བའི་དཔེ་ཞིག་ན། ཁེ་དང་རྒྱལ་ཁ་གཞན་ལ་བྱིན། །གྱོང་དང་བུབ་ཁ་རང་གིས་ལོང༌། །ཟེར་བ་ཞིག་གདའ་བ་འདི་ཟབ་མི་ཟབ་ཇི་ལྟར་ལགས། གནས་ཁང་མ་རྙེད་པ་དང༌། གྲོགས་ཀྱིས་བློ་རྩ་གཡེངས་པ་སོགས་བྱུང་དུས་སེམས་ལ་ཕན་པར་བྱུང་བ་ལགས་ཞུས་པས། དགེ་བའི་བཤེས་གཉེན་ཤ་ར་བའི་ཞལ་ནས། ཇོ་བོ་སྟོན་པ། ཁྱོད་ཀྱི་སེམས་ལ་ཕན་མི་ཕན་གྱི་ཁ་ན་ཅི་ཡོད། ཡང་དག་པའི་སངས་རྒྱས་མི་བསྒྲུབས་ན་ཕར་ཞོག བསྒྲུབས་ན་ཆོས་དེ་ལ་མ་བརྟེན་པར་འགྲུབ་མི་སྲིད་གསུངས། འོ་ན་བདག་ཅག་ལུང་ཆོས་པ་ལགས་པས།དེ་ལ་ལུང་ཞིག་དྲང་བར་ཞུ་ཞུས་པས། མགོན་པོ་ཀླུ་སྒྲུབ་ལ་ཚད་མར་མི་འཛིན་པ་སུ་ཡོད། དེས་རིན་པོ་ཆེའི་ཕྲེང་བར།བདག་ལ་དེ་དག་སྡིག་སྨིན་ཅིང༌། །བདག་དགེ་མ་ལུས་དེར་སྨིན་ཤོག །ཅེས་བྱ་བ་གསུངས་པ་ལགས་གསུངས། འོ་ན་བདག་ལ་དེའི་གདམས་པ་ཞིག་ཞུ་འཚལ་ཞུས་པས། ཇོ་བོ་རང་རྐྱེན་ཐུབ་པར་གྱིས་ཤིག ངས་གདམས་ངག་རྣམས་གྱིས་བྱའོ་གསུངས་ནས་བློ་སྦྱོང་གི་ཁྲིད་ལོ་བཅུ་གཉིས་ཉམས་ཁྲིད་དུ་བསྐྱངས་པས། བྱང་ཆུབ་ཀྱི་སེམས་ཀྱིས་ཐུགས་རྒྱུད་གང་ནས་བདག་གཅེས་འཛིན་གྱི་འཁྲི་བ་རྩད་ནས་ཆོད་པ་བྱུང་སྟེ།ཞལ་ནས། སྔོན་སྦྱངས་ལས་ཀྱི་འཕྲོ་སད་པས། །རང་གི་མོས་པ་མང་བའི་རྒྱུས། །སྡུག་བསྔལ་གཏམ་ངན་ཁྱད་བསད་ནས། །བདག་འཛིན་འདུལ་བའི་གདམས་ངག་ཞུས། །ད་ནི་ཤི་ཡང་མི་འགྱོད་དོ། །ཞེས་བློ་སྦྱོང་ལ་གདེང་ཐོབ་པའི་གསུང་བྱོན་ནོ། །

              དགེ་བཤེས་ཤ་ར་བ་དེ་ཚོགས་པ་སྟོང་ཕྲག་མང་པོ་ལ་ལམ་རིམ་གྱི་ཁྲིད་དང༌། བྱམས་ཆོས་སྡེ་ལྔ། ས་སྡེ་རྣམས་རྒྱུན་དུ་རྒྱ་ཆེར་གསུང་བར་མཛད་ཀྱང་བདག་གཞན་མཉམ་བརྗེའི་མན་ངག་མཐར་ཐུག་པ་རྣམས་དགེ་བཤེས་མཆད་ཀ་པ་སོགས་རེ་གཉིས་ལ་ལྐོག་ཏུ་གནང་བ་ལས་ཚོགས་སུ་མི་གསུངས། ལན་ཅིག་རྒྱུད་བླ་གསུངས་པ་ན། བདག་གི་དགེ་བ་དང་བདེ་བ་ཇོ་བོ་སེམས་ཅན་ལ་གཏོང༌། སེམས་ཅན་གྱི་སྡིག་པ་དང་སྡུག་བསྔལ་ཐམས་རང་གིས་བླངས་དགོས་པ་ཡིན་ཏེ། ཐུགས་ཀྱིས་ལྕོགས་ན་དེ་བཞིན་དུ་མཛོད་ཅིག གསུངས་པས། ང་ལ་འཁྲིད་ཡོད་པས་གོ གཞན་གོ་བ་ཙམ་ཡང་མི་འདུག་གསུངས། ཡང་དགེ་བཤེས་མཆད་ཀ་པའི་ཞལ་ནས། ཤ་ར་བ་ལ་འདི་རྩད་མ་ཆོད་ཀྱི་རིང་ལ་ཇི་ཙམ་པའི་ཆོས་དང་གདམས་ངག་ཐོས་ཀྱང་སངས་རྒྱས་བསྒྲུབ་པ་ལ་ད་དུང་འདི་ཙུག་མིན་པ་ཞིག་ག་ཤེད་ན་ཡོད་དེ་འོང་སེམས་པ་མིན་པ་ཁོ་ཐག་ཆོད་པ་མ་བྱུང་བ་ལ། དགེ་བཤེས་ཤ་ར་བ་ལས་འདི་རྩད་ཆོད་པ་དང༌། ད་བྱུང་འདི་ལས་ལྷག་པ་གང་ནའང་མེད་སྙམ་ནས་ཐག་ཆོད། འགྲམ་ཆུ་མི་ལྡང་ཉན་སྙིང་མི་འདོད། ལྷོད་སོང་བ་ཞིག་བྱུང་གསུངས།

              དགེ་བཤེས་མཆད་ཀ་པ་འདིས་དང་པོར་དགེ་བའི་བཤེས་གཉེན་ཤ་ར་བ་དང་ཞོའི་ཁང་པར་མཇལ་བ་ནས་གནས་དེར་ལོ་གཉིས། ཅོང་ལུང་དགེ་གོང་དུ་ལོ་དྲུག ཤ་ར་བའི་གདན་ས་ཉིད་དུ་ལོ་བརྒྱད་དེ་ཤ་ར་བ་ལོ་བཅུ་གཉིས་འབྲལ་མེད་བསྟེན་ཏེ་ཇོ་བོ་རྗེ་ཡབ་སྲས་ཀྱི་ལྐོག་ཆོས་བདག་གཞན་མཉམ་བརྗེའི་བྱང་ཆུབ་ཀྱི་སེམས་ཀྱི་མན་ངག་རྣམས་བུམ་པ་གང་བྱོར་ཐོབ་སྟེ་ཐེག་ཆེན་བསྟན་པའི་བདག་པོར་གྱུར་ཏོ། །དེ་ཡང་དགེ་བཤེས་མཆད་ཀ་པ་ཆེན་པོ་འདིས་དང་པོར་གཉལ་གྱི་ཆོས་འཁོར་ནས་བཟུང་སྟེ། གྲུབ་མཐའ་ཁོ་ན་རྩད་བཅད། གཉན་ལ་མངོན་པ་ཉན་པས་ཀྱང་གྲུབ་མཐའ་མང་པོ་བྱུང༌། སྤྱིར་དགེ་བཤེས་ཆེན་པོ་ཤ་ར་བ་ལས་གྲུབ་མཐའ་ཐམས་ཅད་བྱུང་བ་ཡིན། ཤ་ར་བ་ཆེན་པོ་གྲུབ་མཐའ་ལོགས་སུ་གསུངས་པ་མེད་ཀྱང༌། ཤེས་རབ་ལེའུ་ལས།གྲུབ་མཐའ་གསུངས་པའི་ས་བོན་དེ་ཙམ་ལ་བརྟེན་ནས་རྩད་བཅད་པ་ཡིན། གྲུབ་མཐའ་ཕྱོགས་མཐའ་དག་རྒྱུས་ཡོད་པ་ཤ་ར་བ་ཆེན་པོ་ལས་མི་སྣང༌། ཚོགས་སུ་གྲུབ་མཐའི་ཟུར་ཙམ་ལས་མི་འོང་བར་སྣང་གསུངས། ཤ་ར་བ་གཤེགས་ནས་མཆད་ཀ་པས་འཁོར་རྣམས་ལ་གྲུབ་མཐའ་ཆོས་འདི་སྟོང་ཐུན་དུ་གསུངས།དེ་ནས་སྒྱེར་སྒོམ་ཆོས་གྲགས་ཀྱིས་རྗང་བ་གང་ཕུལ་ནས་ཡི་གེར་བསྡེབས་པར་ཞུས་ནས་མཁའ་རུ་བྱ་བ་དེར་ཡི་གེར་བསྡེབས། དང་པོར་ཡེ་གེ་འདི་སུའི་ལག་ཏུ་སོང་བ་ང་དང་ཁྱད་མེད་པ་འོང༌། རང་གི་རྒྱུད་ལ་སེམས་པ་མིན་པ་བཤད་དགོས་སྙམ་པ་མེད་པ་ལ། ཁ་ཟད་ཟད་དུ་བཤད་ཀྱང་མི་གོ་བ་ཞིག་བྱུང༌། དབུ་མ་པའི་ཚིག་བདུན་པོ་དེ་ལ་བཤད་པ་ཞིག་དགོས་སྙམ་པ་ཞིག་ཡོད་ཅེས་གསུངས།

              ཤ་ར་བ་གཤེགས་རྟིང་ལོ་སུམ་ཅུ་རྩ་བཞི་བཞུགས་ཏེ་བས་མཐའ་རྣམས་སུ་ཐུགས་དམ་གྱི་གཙོ་བོ་བྱང་ཆུབ་ཀྱི་སེམས་གཉིས་ལ་མཛད་ཅིང༌། དྲུང་དུ་ཉེ་བར་ལྷགས་པ་རྣམས་ལའང་ཤ་ར་བའི་མཛད་པ་བཞིན་སྡེ་སྣོད་ཀྱི་བཤད་པ་དང༌། གྲུབ་མཐའི་དཀའ་གནད་དང༌། ལམ་རིམ་གྱི་ཁྲིད་འདེབས་པར་མཛད་ཅིང༌། རེ་རེ་གཉིས་གཉིས་ལ་བློ་སྦྱོང་གི་གདམས་པ་ལྐོག་ཆོས་སུ་མཛད་པས་ཕན་ཐོགས་པའང་འགའ་རེ་བྱུང་བས།ཕྱིས་འདྲེས་ཕུ་སྒོམ་ཆེན་སྡིངས་སུ་བཞུགས་དུས་ཆོས་འདི་ཚོགས་ཆོས་སུ་བཤད་པའི་འོས་མིན། བཏུབ་པ་འགའ་ལ་ལྐོག་ཁྲིད་དུ་བྱེད་པ་ཡིན་ཏེ། སུ་ལ་ཕན་དང་སུ་ལ་མི་ཕན་མི་ཤེས་པར་འདུག ཉེ་གནས་ཁྱོད་ལ་མར་དང་བུ་རམ་ཡོད་ན་ནང་པར་སྒོམ་ཆེན་པ་རྣམས་ལ་མར་ཁུའི་བཤོར་འདྲེན་དང་བུར་སྟོན་གྱིས། ངའི་ཆོས་འདི་ལ་མིང་གཅིག་འདོགས་པའི་མིང་སྟོན་བྱེད་པ་ཡིན་གསུངས་ནས། དེའི་དུས་སུ་ཐེག་ཆེན་བློ་སྦྱོང་སྙན་བརྒྱུད་ཆེན་མོའི་དོན་ཐམས་ཅད་བསྡུས་ཏེ། སྔོན་འགྲོ་རྟེན་གྱི་ཆོས་བཞི་བསྟན་པ། དངོས་གཞི་བྱང་ཆུབ་ཀྱི་སེམས་གཉིས་སྦྱང་བ། རྐྱེན་ངན་བྱང་ཆུབ་ཀྱི་ལམ་དུ་བསྒྱུར་བ། ཚེ་གཅིག་གི་ཉམས་ལེན་དྲིལ་ནས་བསྟན་པ། བློ་འབྱོངས་པའི་ཚད། བློ་སྦྱོང་གི་དམ་ཚིག བློ་སྦྱོང་གི་བསླབ་བྱ་སྟེ་དོན་ཚན་བདུན་དུ་བསྡུས་ནས་ས་བཅད་མཛད་དེ་ཡི་གེར་བཏབ། བློ་སྦྱོང་དོན་བདུན་མ་ཞེས་མཚན་བཏགས། ཚོགས་ཆོས་བྱེད་པའི་སྲོལ་དེ་ནས་བྱུང་བ་ཡིན།

                                                                                                                                                རྩོམ་སྒྲིག་པ། མང་ར་བ།
            གསལ་འདེབས། 
                          རྩོམ་འདིའི་པར་དབང་ངེད་དགེ་ལུགས་པའི་དྲ་བར་གཏོགས་པས་གང་འདོད་དུ་གཞན་དུ་མི་འགོད་པ་དང་། གལ་ཏེ་འགོད་ན་རྩོམ་ཁུངས་དང་སྦྲེལ་ཐག་གསལ་པོར་དགོད་པར་ཞུ།
                          དྲ་བའི་སྦྲེལ་ཐགhttp://www.tb1025.cn

བརྒྱུད་འགོད།