དགེ་བའི་བཤེས་གཉེན་མཆད་ཀ་བའི་རྣམ་ཐར་དང་བོ།

ཡོང་ཁུངས།   ངེད་དགེ་ལུགས་པའི་དྲ་བ།     སྤེལ་དུས།  2017-04-19 21:56:23     རྩོམ་པ་པོ།   ཡོངས་འཛིན་ཡེ་ཤེས་རྒྱལ་མཚན།     ཀློག་ཐེངས།  

6a5c2dbfb141d264e1f13ea7b7a34390_.jpg

              བྱང་ཆུབ་ཐུགས་ཀྱི་བཀའ་བབ་མཆད་ཀ་པ། ཞེས་བསྔགས་པ་སེམས་དཔའ་ཆེན་པོ་མཆད་ཀ་པ་ནི། ལྕགས་མོ་སྦྲུལ་ལ་ལོ་རོར་ཡབ་འཕགས་པ་སྐྱབས་དང༌།ཡུམ་བསོད་ནམས་སྐྱིད་གཉིས་ཀྱི་སྲས་སུ་འཁྲུངས།ཞབས་ལ་འཁོར་ལོའི་མཚན་དང་ལྡན་པ་སོགས་སྐྱེ་བོ་དམ་པའི་རྟགས་དང་ལྡན་པ་ཞིག་བྱུང༌། གཞོན་ནུ་ནས་ཆོས་ཀྱི་བག་ཆགས་སད་དེ་ལོ་རོར་བླ་མ་རས་ཆུང་བ་དང་མཇལ་བས་ཁོང་གི་སར་ཟླ་བ་གཉིས་ཙམ་བཞུགས། གདམས་པ་མང་དུ་གསན་ནས་ཚུར་འབྱོན་ཁར་བླ་མའི་ཞལ་ནས་འདིར་བཞུགས་ཁྱོད་ལ་ཆོས་ཀྱིས་ཕན་པ་ཞིག་འོང་བར་སྣང་གསུངས་པས་དེར་འབྱོན་པའི་རྩིས་སུ་བྱས་ནས་ཚུར་ཕེབས། ཡུལ་ནས་རྟ་སྔོན་པོ་ཞིག་ལ་ཁལ་བཀལ་ནས་བྱོན་ཙ་ན་ལོ་རོ་ཞིང་གསར་ན་གཉལ་པ་ཆེན་པོ་ཆོས་པར་མཛད་ཅིང་བཞུགས་པས་དད་དེ་རྒྱལ་བའི་བསྟན་པ་ལ་རབ་ཏུ་འབྱུང་བར་མཛད་བཞེད་ནས་གནས་དེར་དགུང་ལོ་ཉི་ཤུ་རྩ་གཅིག་གི་ཐོག་བཤེས་གཉེན་རྩི་བོར་བ་ལ་མཁན་པོ་ཞུས། ཆག་རིན་ཆེན་འཆང་ལ་སློབ་དཔོན་ཞུས་ནས་རབ་ཏུ་བྱུང་མཚན་ཡེ་ཤེས་རྡོ་རྗེར་བཏགས།

              དེར་རྡོ་རྗེ་བཙན་པོ་རའི་ཆོས་འཁོར་གྱི་རིམ་གྲོ་ལ་བླ་མ་རས་ཆུང་བ་སྤྱན་དྲངས་པའི་ཕྱག་ཕྱིར་ཐེགས། བླ་མས་སྦྱིན་སྲེག་ལན་ཉི་ཤུ་ལྷག་ཙམ་མཛད་ནས་ད་རེས་ཀྱི་འདི་ལ་རྟ་གཅིག་གི་ཚིགས་པ་བུར་བ་ཞིག་ཀྱང་མི་འོང་བ་ང་རང་གིས་ཁས་ལེན་གསུངས་ནས་ཆོས་འཁོར་ལ་ནི་མ་བཞུགས་པར་བཞུད། ཆོས་འཁོར་དེ་ལ་གླང་གཉོས་ལ་སོགས་པའི་གཉལ་ལོ་རོ་བྱར་གསུམ་གྱི་དགེ་བཤེས་དཔག་ཏུ་མེད་པ་འཚོགས། ལོ་ཙཱ་བ་ཡང་གསུམ་བཞི་བྱོན། ཆོས་འཁོར་དེ་ལ་རྔོག་ལོ་ལ་སོགས་པའི་སྡེ་སྣོད་འཛིན་པ་མང་པོ་དབུ་མ་དང་སེམས་ཙམ་སོགས་ཀྱི་གླེང་བསླང་མང་པོ་མཛད་ཀྱིན་སྣང་བས་དེ་ཆོས་ཇི་སྐད་བྱ་བ་ཡིན་དྲིས་པས་གྲུབ་མཐའ་བྱ་བ་ཡིན་ཟེར། དེས་ཐུགས་ཕྲོགས་ནས་གཉལ་དུ་ཡང་གྲུབ་མཐའ་རྩད་དཔྱད་གནས་དེར་འདུལ་བ་འཛིན་པ་ཚ་རོང་བ་དང༌། ཞང་ཤེས་རབ་སྤྲིང་དྭགས་པོ་གཙང་འདུལ་བ་རྣམས་ལ་མཁན་སློབ་ཞུས་ནས་དགུང་ལོ་ཉི་ཤུ་རྩ་གསུམ་ལ་བསྙེན་རྫོགས་མཛད།

              དེ་ནས་ཤ་མི་ལ་འདུལ་བ་གསན་ཅིང་བཞུགས་ཙ་ན་ཡར་ཀླུངས་སུ་ཆོས་འཁོར་ཆེན་པོ་ཞིག་བྱུང་བའི་དུས་དགེ་བཤེས་གཉགས་དང༌། ཤ་མི་དང༌། མར་འགོས་ལ་སོགས་པ་དགེ་བཤེས་བཙན་ལ་མདོ་སྡེ་རྒྱན་གསན་པ་གཟིགས་པས་དར་བཙན་ལ་དད་པར་བྱུང་སྟེ་དགེ་བཤེས་བཙན་ལ་མདོ་སྡེ་རྒྱན་ཚར་དྲུག་གསན། ཞར་ཆོས་པ་དང་བཅས་པས་རྩ་འགྲེལ་ཚར་ཕྱེད་དང་བཅུ་གཉིས་གསན། དགེ་བཤེས་མཆད་ཀ་པ་འདི་སྔགས་པ་ཞིག་གི་རིགས་སུ་འཁྲུངས་ཏེ་ཡབ་ཀྱི་ཕ་ཆོས་སྔགས་རྙིང་མའི་གླེགས་བམ་མང་པོ་ལའང་གཟིགས། རས་ཆུང་བ་ལས་རྗེ་བཙུན་མི་ལའི་གདམས་ངག་རྣམས་ཞུས་ཏེ་སྔགས་གསར་མའི་རྒྱུད་དང་རྒྱུད་འགྲེལ་གྱི་གླེགས་བམ་མང་པོ་ལའང་གཟིགས། དགེ་བཤེས་བཙན་དང་བྱ་ཡུལ་བ་ལ་སོགས་པ་བླ་མ་གཞན་ཡང་མང་པོ་ལ་གཏུགས་ཏེ་སྡེ་སྣོད་གསུམ་དང་གཞུང་ལུགས་མང་པོ་ལའང་སྦྱངས། ཁྱད་པར་གྲུབ་མཐའ་བཞི་ལ་མཁས་པར་སྦྱངས་ཏེ་མདོ་སྔགས་ཀྱི་པོ་ཏི་བརྒྱ་ཙམ་ཞིག་ཐུགས་ལ་བཞུགས་ཀྱང༌། ཐུགས་ཀྱི་གཏིང་ན་ངེས་པར་འཚང་རྒྱ་བ་ལ་ཆོས་གཞན་ཞིག་ཡོད་ཡོད་དགོངས་ཏེ་ཐུགས་ཀྱི་གཏིང་མི་བདེ་ཞིང་བློ་ཐག་མ་ཆོད་པ་ཞིག་ནར་མར་བྱུང༌། དེ་ནས་དགེ་བཤེས་མྱང་ལྕགས་ཞིང་པ་ལ་བློ་སྦྱོང་ཚིག་བརྒྱད་མ་གསན། དེ་ནས་ལུགས་སྨད་པ་ཅན་དུ་བྱོན་ནས་སྣེའུ་ཟུར་བའི་ལུགས་ཀྱི་ལམ་རིམ་གྱི་ཁྲིད་གསན་ལུགས་སྨད་པས་དང་པོ་ཕུ་ཆུང་བའི་ལུགས་ཀྱི་རྟེན་འབྲེལ་ཡང་ཕ་བོང་ཁ་པ་ལས་གསན་པས་དགེ་བཤེས་ལུགས་སྨད་པ་ལ་རྟེན་འབྲེལ་གྱི་ཁྲིད་དེ་ཡང་གསན།

               ཉན་ས་དང༌། བྱང་ཆུབ་སེམས་དཔའི་ས་ལ་སོགས་པ་གསན་ཏེ་ལོ་བཞི་བསྟེན། དགེ་བཤེས་དོལ་པ་ལོ་ལྔ་བསྟེན་ནས་བེའུ་བུམ་སྔོན་པོ་ལ་སོགས་པ་གསན། གྲའི་སོ་ཐང་པ་ལ་རྡོ་རྗེ་རྣམ་འཇོམས་གསན། ཁོང་ལ་བདག་དབུ་རུ་བྱང་དུ་བཀའ་གདམས་ཉན་དུ་འགྲོ་བས་བརྟག་པ་ཞིག་མཛད་དགོས་ཞུས་པས། ཁྱོད་ཡང་དག་པའི་དགེ་བའི་བཤེས་གཉེན་ཞིག་དང་མ་མཇལ་བར་ལ་དམྱལ་བའི་མེ་ནང་དུ་བསྲེགས་ཀྱང་བར་ཆད་མི་འབྱུང་བར་ངས་ཤེས་ཀྱི་གསུངས།

                                                                                                                                       རྩོམ་སྒྲིག་པ། མང་ར་བ།
            གསལ་འདེབས།
                     རྩོམ་འདིའི་པར་དབང་ངེད་དགེ་ལུགས་པའི་དྲ་བར་གཏོགས་པས་གང་འདོད་དུ་གཞན་དུ་མི་འགོད་པ་དང་། གལ་ཏེ་འགོད་ན་རྩོམ་ཁུངས་དང་སྦྲེལ་ཐག་གསལ་པོར་དགོད་པར་ཞུ།
                     དྲ་བའི་སྦྲེལ་ཐགhttp://www.tb1025.cn

བརྒྱུད་འགོད།