དགེ་བའི་བཤེས་གཉེན་ཤ་ར་བའི་རྣམ་ཐར་གསུམ་པ།

ཡོང་ཁུངས།   ངེད་དགེ་ལུགས་པའི་དྲ་བ།     སྤེལ་དུས།  2017-04-18 21:49:22     རྩོམ་པ་པོ།   ཡོངས་འཛིན་ཡེ་ཤེས་རྒྱལ་མཚན།     ཀློག་ཐེངས།  

40b0281e32e4d05af72eb5f427df2383_.jpg

             ཤ་ར་བ་ཉིད་ཀྱི་ཞལ་ནས་ཐེག་པ་ཆེན་པོའི་ལམ་གྱི་རྩ་བ་དགེ་བའི་བཤེས་གཉེན་ཡིན། དགེ་བའི་བཤེས་གཉེན་ལ་མ་བསྟེན་པར་ལམ་གང་ཡང་སྐྱེ་བ་མི་སྲིད་པ་ཡིན། ས་བཅུའི་བྱང་ཆུབ་སེམས་དཔའ་བསྐལ་པ་གྲངས་མེད་གསུམ་དུ་ཚོགས་བསགས་པ་ལ་ཡང་ཕྱོགས་བཅུའི་སངས་རྒྱས་རྣམས་ཀྱིས་ཕྱག་གཡས་པ་དབུ་ཐོག་ཏུ་བཞག་ནས་བྱིན་གྱིས་མ་བརླབས་པར་རྡོ་རྗེ་ལྟ་བུའི་ཏིང་ངེ་འཛིན་ཐོབ་མི་སྲིད་པ་དེ་བཞིན་གཤེགས་པ་དེ་དག་གནས་སྐབས་དེ་ན་དགེ་བའི་བཤེས་གཉེན་བྱ་བར་འདོད་པ་ཡིན། ད་ལྟ་འུ་ཅག་ཐམས་ཅད་ཀ་ཅ་ཁོ་ན་ལ་རྩི་ལ་སྐུ་མཆེད་གསུམ་པོ་ལ་རེས་གསུམ་ག་སྤྱིར་འབུལ་བ་འོང༌། རེས་གཉིས་ལ་འོང་བ་ལ།དུས་དེ་ཐམས་ཅད་ན་གསུམ་ལ་ཕུལ་ན་གཉིས་ལ་འབུལ། གཉིས་ལ་ཕུལ་ན་གཅིག་ལ་འབུལ་གྱི་ང་འདི་འདོད་ཡེ་མི་གསུངས་དེ་ལྟ་བུ་ལ་དད་གསུངས། དགེ་བཤེས་ཤ་ར་བ་ཆེན་པོ་དེ། དགེ་བཤེས་པོ་ཏོ་བའི་རྣམ་ཐར་སྐྱོང་བ་མ་གཏོགས་སུ་ལའང་མི་འདུད་སུ་དང་ཡང་མི་ཁོན། གང་དུ་འདུག་ཀྱང་དམའ་ས་འཛིན་རྐྱེན་བཟང་ངན་གང་བྱུང་ཡང་བྱང་ཆུབ་ལམ་གྱི་རིམ་པ་སྒོམ་པ་ཁོ་ན་ལས་ཐབས་གཞན་གང་ཡང་མི་མཛད།

              སྐུ་མཐོང་བ་དང་གསུང་ཐོས་པ་ཐམས་ཅད་དད་པ་རང་དབང་མེད་པར་སྐྱེ། དད་རྫས་དང་གཤིན་རྫས་གང་བྱུང་ཡང་དཀོན་མཆོག་གི་མཆོད་པ་དང༌། དགེ་འདུན་གྱི་བསྙེན་བཀུར་ཁོ་ན་ལ་གཏོང་བ་ལས་མི་དགོས་པའི་སར་ཡེ་མི་གཏོང༌། མ་དག་པའི་རྫས་ཡེ་མི་འཆང་གཞན་གྱིས་ཞིང་དང་ཁང་ཁྱིམ་དང་ཕྱུགས་ལ་སོགས་ཕུལ་ཡང་གཏན་ནས་མི་བཞེས།ལན་ཅིག་སྦྱིན་བདག་ཞིག་གིས་ཞིང་རྔས་པའི་ཐོག་ཞིག་ཕུལ་བ་ན་དགེ་འདུན་ལ་ཕུལ་ང་ལ་མི་དགོས་རྩ་སོགས་ཆུར་སྐྱོལ་གྲྭ་པ་རྣམས་ཀྱི་རྒྱགས་སྐྱེལ་མིའི་ཁལ་མ་ལ་ཕན་འགྲོ་གསུངས། དགེ་བཤེས་པོ་ཏོ་བ་དང་ཤ་ར་བ་གཉིས་པོས་ཐབས་ལྟོ་བཅོས་གང་ཡང་མ་མཛད་པར་ལམ་རིམ་ཁོ་ན་སྒོམ་པར་མཛད་པས་རང་དང་སློབ་མ་རྣམས་ལ་ནད་གདོན་གྱི་འཚེ་བ་ཉུང༌། ལྷ་འདྲེ་མི་གསུམ་བྱམས་ཚེ་རིང་བར་བྱུང༌། དགེ་བཤེས་སྤྱན་སྔ་བ་དང་བྱ་ཡུལ་བ་དཔོན་སློབ་རྣམས་ཐབས་རིམ་མན་ངག་འདི་མི་མཁྱེན་བྱ་བ་མེད་པས་གདུལ་བྱ་རྣམས་ཀྱང་མན་ངག་སྣ་ཚོགས་ལག་ལེན་བྱེད་པ་བྱུང་ཡང་ནད་གདོན་གྱི་འཚེ་བ་མེད་ཞེས་བཀའ་གདམས་གོང་མའི་གསུང་སྒྲོས་ལས་འབྱུང༌།

             ཤ་ར་བ་ཉིད་ཀྱི་ཞལ་ནས་སྤྱིར་ལེགས་ཉེས་ཅི་བྱུང་ཆོས་ལ་བརྟེན་པ། དེའི་ནང་ནས་ཀྱང་འདུལ་བ་ལ་བརྟེན་ན་ལྡབ་ཀྱང་མི་དགོས་པ་ཞེ་གཙང་བ། རྟག་ཐུབ་པ། ཉམས་དགའ་བ། མཐའ་བཟང་བ་ཡིན་གསུངས། ཡང་ཞལ་ནས་རྟེན་དང་བསྲུང་བ་མི་དགོས་པའི་གང་ཟག་གསུམ་ཡིན། དགེ་སློང་ཆོས་གོས་རྣམ་གསུམ་ལས་ཡོངས་སུ་བཟུང་བ་ཐམས་ཅད་སྤངས་ཏེ་ཉེས་པ་ཕྲ་ཞིང་ཕྲ་བས་ཀྱང་མ་གོས་པ་ཞིག་བྱུང་ན་རྟེན་དེ་ཉིད་མཆོད་གནས་ཡིན་པས་མི་དགོས། བྱང་ཆུབ་ཀྱི་སེམས་སྨོན་འཇུག་གཉིས་རྣལ་མར་ཡོད་པ་དེ་སེམས་ཅན་ཐམས་ཅད་ཀྱི་མཆོད་གནས་ཡིན་པས་མི་དགོས། སྔགས་པ་མཚན་ཉིད་དང་ལྡན་པ་སྣང་བ་ཐམས་ཅད་ལྷ་དང་ལྷ་མོར་ཤེས་པ་ལ་མི་དགོས་གསུངས། བཀའ་བརྒྱུད་ཟམ་མ་ཆད་པའི་གདམས་པ་ལ་བརྟེན་ནས་ཤེས་བཞིན་ཆེན་པོས་ཐམས་ཅད་མིག་འོག་ཏུ་ཆུད་པར་བྱས་ཏེ། སྤྱོད་ལམ་རྣམ་བཞིར་ཅི་བྱེད་ཐམས་ཅད་ཐར་པའི་རྒྱུར་དཀར་ལམ་གྱིས་གཏོང་ཤེས་པ་ཞིག་དགོས་གསུངས།

              ཡང་ཞལ་ནས་བྱ་ཡུལ་པའི་བཀའ་བརྒྱུད་འདི་ལ་སྲུང་བ་ཟད་པ་མེད་པ་ཞིག་ཡོད་དེ་འཚེ་བ་ཤིན་ཏུ་མང༌། མི་དབང་དུ་བསྡུ་བའི་ཐབས་ཟད་པ་མེད་དེ་ངན་སྨྲ་དེ་མང་པོ་སྣང༌། ཚེ་སྤེལ་ཐབས་ཁོ་ན་མཛད་དེ་སྐུ་ཚེ་རིང་བ་ཙམ་མ་བྱུང་ལ། པོ་ཏོ་བའི་བཀའ་བརྒྱུད་འདི་བསྟན་པ་རིན་པོ་ཆེ་ཁས་བླངས་ཀྱི་ཆོས་ཁོ་ན་ལས་སྤན་སྤུན་ཡེ་མི་མཛད་དེ་འཚེ་བ་ཉུང་མི་བྱམས་སྐུ་ཚེ་རིང་བར་བྱུང་སྟེ། ཁོ་བོས་ནི་མན་ངག་དེ་མངོན་སུམ་དུ་གོ་བར་བྱུང་གསུངས། ལན་ཅིག་ཤ་ར་བ་ཆེན་པོས་ལམ་རིམ་གྱི་ཁྲིད་གནང་བའི་རྗེས་ལ་འདི་སྐད་གསུང་སྟེ་ཁམས་ངན་ཡང་ཆོས་ཀྱིས་ཕན་ན་ཕན་པ་ཡིན་སྙམ་ནས་འབད་དེ་བཤད་པ་ཡིན། ཆོས་ཀྱིས་ཕན་ན་ཕན་པར་བརྩི། གཞན་གྱིས་ཕན་པ་ཏ་ཕ་མས་ཀྱང་འདི་ལྟར་བྱེད་དེ་དེས་ཐར་པ་ལ་ཅང་མ་ཕན། གྲྭ་པ་ཆོས་ལ་མ་མགུ་ནས་སོང་ན་དེ་རང་གི་ཉེས་པར་བརྩི། གཞན་ལ་མ་མགུ་ནས་སོང་བ་རང་གི་ཉེས་པར་མི་བརྩི་གསུངས། སྒོམ་པ་ཀློག་འབར་གྱིས་བྱ་ཡུལ་དུ་ཕྱིན་པའི་དུས་སུ་རྩབས་འདྲེན་དུ་བྱུང་བ་ལ་ང་གཅོད་ལུང་བའི་གྲྭ་པ་ལ་རྩབས་འདྲེན་ནམ་ཟེར་ནས་འཐུང་མ་འདོད། དེ་ལ་ཤིན་ཏུ་མཉེས་པར་མཛད།

              ལན་ཅིག་ཤ་ར་བ་ཆེན་པོ་ལ་སློབ་མ་རྣམས་ཀྱིས་ཕྱོགས་གཞན་ཞིག་ཏུ་འབྱོན་པར་ཞུས་པ་ན་ཆོས་འཕེལ་ན་གང་དུ་ཕྱིན་ཀྱང་ཆོག །གཉེན་ཉེ་དུ་ལ་ཆགས་པའང་མེད། གནས་གཞི་སྡེ་དགོན་ལ་ཆགས་པའང་མེད། ཁོ་བོའི་སྟེང་ན་དབང་ཆེ་བ་གཞན་ངོ་སྲུང་དགོས་པའང་སུ་ཡང་མེད་གསུངས། ཤ་ར་བ་ཆེན་པོ་ཐུགས་བསྐྱེད་ཤིན་ཏུ་བཟང་བས་འཁོར་སུམ་སྟོང་ཙམ་འདུས་པ་དེ་ཐམས་ཅད་ཀྱང་ཐོས་བསམ་སྒོམ་པས་དུས་འདའ། ཟས་གོས་གནས་མལ་དང་སྡེ་དགོན་ལ་ཆགས་པ་སྤངས་པ་ཤ་སྟག་བཞུགས། ཆོས་གནང་བ་ཐམས་ཅད་ཀྱང་སྐྱེས་བུ་གསུམ་གྱི་ལམ་གྱི་རིམ་པ་ཉིད་ལ་སྐོར་ནས་དེའི་ཐོག་ཏུ་འབབ་པ་ཁོ་ན་མཛད། ཚོང་དང་བུན་བསྐྱེད་ཀྱིས་ནོར་བསྒྲུབས་ནས་དཀོན་མཆོག་མཆོད་པ་དང་དབུལ་ཕོངས་ལ་སྦྱིན་གཏོང་བྱེད་པ་བྱུང་ན་ང་ནི་ཁྱེད་ལ་གཏོང་བའི་ཕན་ཡོན་མི་བརྗོད་ཀྱིས་འཛིན་པའི་ཉེས་དམིགས་བརྗོད་པ་ཡིན་གསུངས་ནས་མི་དགྱེས།དབེན་པའི་རི་སུལ་དུ་ཚུལ་ཁྲིམས་རྣམ་པར་དག་པ་ལ་གནས་པ་བྱུང་ན་ཤིན་ཏུ་དགྱེས་ཏེ་དབེན་པའི་རི་སུལ་དུ་དྲང་སྲོང་གི་སྤྱོད་ཚུལ་གྱིས་གནས་པ་ཞིག་བྱུང་ན་གཟོད་ཕས་བུ་གསོས་བྱ་བ་ཡིན་གསུངས། རབ་ཏུ་བྱུང་བ་ཞིང་ལས་བྱེད་པ་གཟིགས་ན་ཤིན་ཏུ་མི་དགྱེས་ཏེ། ཤ་ར་བ་ཉིད་ཀྱི་ཞལ་ནས་རབ་ཏུ་བྱུང་བ་བྱ་བ་སོ་ནམ་རྣམ་བཞི་སྤངས་པ་ཞིག་ལ་ཟེར་བ་ཡིན།དགེ་སློང་བྱ་བ་འདོད་པ་སྤངས་པ་ཞིག་ལ་ཟེར་བ་ཡིན། བྱང་ཆུབ་སེམས་དཔའ་བྱ་བ་རང་དོན་སྤངས་པ་ཞིག་ལ་ཟེར་བ་ཡིན། སྒོམ་ཆེན་བྱ་བ་འདུ་འཛི་སྤངས་པ་ཞིག་ལ་ཟེར་བ་ཡིན་གསུངས། སེམས་དཔའ་ཆེན་པོ་འདི་ནི་ཇོ་བོ་རྗེས། འ ཕྲལ་ལ་ཟས་འཚོལ་བྱ་དང་འདྲ། ཁག་སྟེ་ལངས་པས་གཞིས་རྫོགས་པ། །བྱར་མེད་དེ་ནི་བསྟན་ཡུལ་ཡིན། །ཞེས་གསུངས་པ་ལྟར་ཇོ་བོ་ཡབ་སྲས་ཀྱི་རྣམ་ཐར་གཙང་མ་གཞན་འདྲེས་མེད་པར་སྐྱོང་བ། ཕྱི་རབས་ཀྱི་གདུལ་བྱ་ཀུན་གྱི་སྨོན་གནས་སུ་འོས་པ་ཞིག་བྱུང་སྟེ།ཤ་ར་བ་ཉིད་ཀྱི་ཞལ་ནས། རུག་པའི་ཇོ་བོ་གཞོན་ནུ་གྲགས་བྱ་བ་དེ་དང༌། ལན་ཚ་རབ་ཀྱི་སྒོམ་པ་དབང་ཕྱུག་རྒྱལ་མཚན་བྱ་བ་དེ་གཉིས་ལོ་བདུན་ཅུ་ཙམ་ལ་འདས་པ་ལ། འཚོ་བ་ནི་དགེ་འདུན་གྱི་ནང་ནས་ལེན། སང་གི་བྱ་བ་ནི་དེ་རིང་བྱེད་པ་མ་ཡིན་བྱ་བ་གཞན་གང་ཡང་མེད་པར་དགེ་སྦྱོར་བར་མ་ཆད་པར་འདས་ཏེ་དེ་གཉིས་ཁོ་ན་ལ་སྨོན་གསུངས།

              ཡང་ན་ནིང་འདས་པ་གྲྭ་པ་ཆོས་མཐུན་དེ་ཆོས་ལས་གཞན་གྱིས་ནི་བློ་མ་སྦགས། དགེ་བཤེས་ལ་ནི་ཡི་དམ་ལྷ་དང་ཁྱད་པར་མེད་པར་ཤེས། སེམས་ནི་བཀོལ་དུ་བཏུབ་དགེ་སྦྱོར་ལས་བྱ་བ་གཞན་ནི་ཅི་ཡང་མེད་དེ་ལྟ་བུ་ལ་སྨོན་གསུངས། བོད་སྔ་རབས་སུ་བྱོན་པའི་བཤེས་གཉེན་རྣམས་ལ་སྤྱོད་པ་རྣམ་པར་དག་པ་ཇོ་བོ་ཡབ་སྲས་ཀྱི་དགོངས་པ་ལྟར་བྱེད་པ་མང་བར་བྱུང་ནའང་ལྟ་བ་རྣམ་པར་དག་པ་ཇོ་བོ་ཡབ་སྲས་ཀྱི་དགོངས་པ་ལྟར་འཕགས་པ་ཀླུ་སྒྲུབ་ཀྱི་དབུ་མ་རིགས་ཚོགས་ཀྱི་དོན་སློབ་དཔོན་སངས་རྒྱས་བསྐྱངས་དང་སློབ་དཔོན་ཟླ་བ་གྲགས་པས་བཀྲལ་བའི་དབུ་མའི་ལྟ་བ་མཐར་ཐུག་པ་རྟོགས་པ་དཀོན་པར་བྱུང་འདུག་པ་ན་སེམས་དཔའ་ཆེན་པོ་ཤ་ར་བ་འདི་བཞུགས་པའི་དུས་སུ་པ་ཚབ་ལོ་ཙཱ་བས་རྒྱ་གར་དུ་བྱོན་ཏེ་སློབ་དཔོན་ཟླ་བ་གྲགས་པ་ལ་གསོལ་བ་ཤུགས་དྲག་ལ་རྒྱུན་རིང་བ་བཏབ་པས་སློབ་དཔོན་ཟླ་བ་གྲགས་པས་དངོས་སུ་ཞལ་བསྟན་ཏེ་བྱིན་གྱིས་བརླབས་པས་དབུ་མའི་ལྟ་བ་ཐུན་མོང་མ་ཡིན་པ་རྟོགས།བོད་དུ་འཕགས་པ་ཀླུ་སྒྲུབ་ཀྱི་ལྟ་བ་ཐུན་མོང་མ་ཡིན་པ་དེ་དར་ན་ཅི་མ་རུང་སྙམ་དུ་དགོངས་ནས་དབུ་མ་ལ་འཇུག་པ་བསྒྱུར། བོད་དུ་ལུགས་བཟང་དེ་སྤེལ་བའི་འཕྲིན་ལས་མཛད་པ་ན་བླུན་པོ་རྨོངས་པའི་ཁྱུ་དག་གིས་ཆོས་ཐམས་ཅད་རང་བཞིན་གྱིས་མ་གྲུབ་པ་བཏགས་ཡོད་མིང་རྐྱང་ཙམ་གྱི་ཚུལ་དེ་ཐོས་པ་ན། ཆོས་ཐམས་ཅད་རང་བཞིན་གྱིས་མེད་པར་ལྟ་བ་ནི་ཆད་ལྟའོ་ཞེས་སྨྲས་ནས་ཀླུ་སྒྲུབ་ལུགས་བཟང་སྤེལ་བའི་འཕྲིན་ལས་བཀག་པ་ན་དགེ་བའི་བཤེས་གཉེན་ཤ་ར་བས་ཀླུ་སྒྲུབ་ཡབ་སྲས་ཀྱི་དགོངས་པ་ཡིན་མིན་ངས་ཤེས་གསུངས་ནས་པ་ཚབ་ལོ་ཙཱ་བ་ལ་དབུ་མའི་ལུགས་ཀྱི་གཞི་ལམ་འབྲས་གསུམ་གྱི་རྣམ་གཞག་ཇི་ལྟར་ཡིན་དང༌། དབུ་མའི་ལྟ་བའི་དགག་བྱ་གང་ཡིན་དང༌། དེ་འགོག་བྱེད་རིགས་པའི་གཙོ་བོ་གང་ལ་བྱེད་དང༌། དབུ་མའི་ལྟ་བ་སྒོམ་པའི་ཚེ་སྦྱོར་དངོས་རྗེས་གསུམ་དུ་ཇི་ལྟར་བྱེད་ཅེས་དྲི་བ་ཞིབ་ཏུ་བསྐུར་ནས་གྲྭ་གཞོན་ཤེས་རབ་ཅན་གཉིས་པ་ཚབ་ལོ་ཙཱ་བའི་སར་བཏང་བས། པ་ཚབ་ལོ་ཙཱ་བས་དེའི་ལན་དུ་འཕགས་པ་ཀླུ་སྒྲུབ་ཀྱི་དགོངས་པ་སློབ་དཔོན་ཟླ་བ་གྲགས་པས་བཀྲལ་བའི་དབུ་མའི་ལྟ་བ་མཐར་ཐུག་འདི་ཡིན་དང༌། དེ་སྒོམ་པའི་ཚེ་སྦྱོར་དངོས་རྗེས་གསུམ་དུ་ཇི་ལྟར་བྱ་བ་འཕགས་པ་ཀླུ་སྒྲུབ་ཡབ་སྲས་ཀྱི་མན་ངག་འདི་ལྟར་ཡོད་ཅེས་ལན་ཞིབ་ཏུ་ཕུལ་བ་དགེ་བཤེས་ཤ་ར་བ་ཆེན་པོ་དགེ་འདུན་སུམ་སྟོང་ལ་ཉེ་བའི་ཚོགས་དབུར་བཞུགས་ནས་བུར་སྟོན་ཞིག་གསོལ་ལ་ཁད་དུ་ཡོད་པའི་ཐོག་ཏུ་སླེབས་པས་ཚོགས་དབུའི་ས་དེ་ཁར་ལེགས་པར་གཟིགས་པས་སྤྱན་ཆབ་མང་པོ་བྱོན་བུ་རམ་ཕྱག་གིས་གང་གཅོགས་ཤིག་གནམ་དུ་གཏོར་ནས་ཀླུ་སྒྲུབ་ཡབ་སྲས་མཆོད། པ་ཚབ་ལོ་ཙཱ་བ་མཆོད། ཆོས་འདི་འདྲ་ཞིག་གིས་འཁོར་འདས་ཀྱི་ཤན་འབྱེད་པ་ཡིན། ཤེར་ཕྱིན་གྱི་མདོ་སྡེ་རིན་པོ་ཆེའི་དགོངས་པ་འདི་ཡིན་གསུངས་ནས་བཙུན་ཆུང་ལྔ་བཅུ་ཙམ་ཞིག་པ་ཚབ་ལོ་ཙཱ་བ་ལ་དབུ་མ་མཉན་དུ་བཏང༌། དབུ་མའི་ལུགས་བཟང་སྤེལ་བ་ལ་མཐུན་པའི་རྐྱེན་ཟང་ཟིང་མང་པོ་བསྐུར། པ་ཚབ་ལོ་ཙཱ་བ་ལ་བསྔགས་བརྗོད་ཆེ་བར་མཛད་པས་ལོག་པར་རྟོག་པའི་སྨྲ་བ་ངན་པ་རྣམས་རང་ཤུགས་ཀྱིས་འགགས། པ་ཚབ་ལོ་ཙཱ་བ་ལ་འཕྲིན་ལས་ཆེར་འཕེལ་བར་གྱུར་ཏོ། །

              དེ་དུས་པ་ཚབ་ལོ་ཙཱ་བས་རང་ཉིད་ཀྱིས་བསྒྱུར་བའི་དབུ་མ་འཇུག་པ་དགེ་བཤེས་ཤ་ར་བ་ལ་གཟིགས་སུ་ཕུལ་བས། ཤ་ར་བ་ཆེན་པོས་ལེགས་པར་གཟིགས་ཏེ། འདི་ལ་འདི་ལྟར་འོང་ཐང་ཞེས་འགྱུར་སྐྱོན་གང་བྱུང་ཐམས་ཅད་བྲིས་ནས་རྒྱ་དཔེ་ལ་ལྟོས་ཞེས་བསྐུར་བ་ན་པ་ཚབ་ལོ་ཙཱ་བས་རྒྱ་དཔེ་ལ་གཟིགས་པས་ཤ་ར་བས་གང་གསུངས་པ་དེ་ཁོ་ན་བཞིན་དུ་བྱུང་བས་དགེ་བའི་བཤེས་གཉེན་ཤ་ར་བ་ལ་རྒྱལ་བའི་བཀའ་འགྱུར་རོ་ཅོག་ཐུགས་ལ་མངའོ་ཞེས་གྲགས་པ་བྱུང་ངོ༌། །

                                                                                                                                     རྩོམ་སྒྲིག་པ། མང་ར་བ།
             གསལ་འདེབས། 
                         རྩོམ་འདིའི་པར་དབང་ངེད་དགེ་ལུགས་པའི་དྲ་བར་གཏོགས་པས་གང་འདོད་དུ་གཞན་དུ་མི་འགོད་པ་དང་། གལ་ཏེ་འགོད་ན་རྩོམ་ཁུངས་དང་སྦྲེལ་ཐག་གསལ་པོར་དགོད་པར་ཞུ།
                          དྲ་བའི་སྦྲེལ་ཐགhttp://www.tb1025.cn

བརྒྱུད་འགོད།