དགེ་བའི་བཤེས་གཉེན་ཤ་ར་བའི་རྣམ་ཐར་གཉིས་པ།

ཡོང་ཁུངས།   ངེད་དགེ་ལུགས་པའི་དྲ་བ།     སྤེལ་དུས།  2017-04-18 21:45:39     རྩོམ་པ་པོ།   ཡོངས་འཛིན་ཡེ་ཤེས་རྒྱལ་མཚན།     ཀློག་ཐེངས།  

 70ef6eefbf51ba87015d743aab1e14ce_.jpg

              བར་སྐབས་ཤིག་ཉེ་དུ་རྣམས་དང་ཡུལ་ཕྱོགས་ཀྱི་མི་མང་པོ་ཞིག་གིས་རང་གི་ཁུ་བོའི་གནས་རོམ་པོ་རེ་ཞེས་པའི་དགོན་གནས་ཞིག་གི་ཆོས་དཔོན་དུ་འབྱོན་དགོས་པར་བསྐུལ་བ་ན་སླར་ཞིག་འབྱོན་ནམ་སྙམ་དུ་དགོངས་པ་བྱུང་བ་ལ་དགེ་བཤེས་པོ་ཏོ་བ་ཆེན་པོས་བསླབ་བཏུས་གསུངས་པའི་སྐབས་བྱང་སེམས་ཀྱི་ལམ་བགྲོད་པའི་བར་ཆད་གནོད་འགྱུར་རྣམས་གསུངས་པའི་ཚེ་ཞལ་ཏ་པའི་གནོད་པ་ཞིབ་ཏུ་གསུངས་པས་ཐུགས་ངེས་བརྟན་པོ་འཁྲུངས་ཏེ། དེ་ནས་ཆོས་དཔོན་དུ་འགྲོ་བའི་སྤྲོས་པ་ཆོད་གསུངས། ཐོག་མར་དགེ་བཤེས་པོ་ཏོ་བའི་གྲྭ་པ་བྱིངས་གྲས་ལོ་དགུ་མཛད།

              དེ་ནས་དགེ་བཤེས་པོ་ཏོ་བ་ཆེན་པོ་ཐུགས་ཤིན་ཏུ་མཉེས་པས་སྐུ་འཁོར་ནང་མ་ལོ་དགུ་མཛད་དེ་ཁྱོན་དགེ་བཤེས་པོ་ཏོ་བ་ཆེན་པོ་ལོ་བཅོ་བརྒྱད་བསྟེན་ཏེ་དེའི་རིང་ལ་བྱང་ཆུབ་ལམ་གྱི་རིམ་པའི་ཁྲིད་མཐའ་ཆོད་པར་གསན་ཏེ། དེ་ཡང་རྗེ་བཙུན་བྱམས་པས་མཛད་པའི་མངོན་པར་རྟོགས་པའི་རྒྱན་བྱང་ཆུབ་ལམ་གྱི་རིམ་པའི་རྩ་བ་མན་ངག་ཏུ་བྱས། དེའི་སྟེང་དུ་མདོ་སྡེ་རྒྱན་དང༌། སློབ་དཔོན་དཔའ་བོས་མཛད་པའི་སྐྱེས་རབས་སོ་བཞི་པ་དང༌། རྒྱལ་སྲས་ཞི་བ་ལྷས་མཛད་པའི་སྤྱོད་འཇུག་དང་བསླབ་བཏུས་གཉིས་དང་ཆེད་དུ་བརྗོད་པའི་ཚོམས་དང༌། བྱང་ས་སྟེ་བཀའ་གདམས་གཞུང་དྲུག་གུང་བསྒྲིགས་ཏེ་བྱང་ཆུབ་ལམ་གྱི་རིམ་པའི་མན་ངག་རྣམས་དམིགས་སྐོར་རེ་རེ་ནས་གཞུང་དྲུག་པོ་དེ་དག་གང་རིགས་ནས་རྒྱས་པར་བཤད། གཞན་ཡང་སློབ་དཔོན་འཕགས་པ་ཀླུ་སྒྲུབ་ཀྱིས་མཛད་པ་མདོ་སྡེ་ཀུན་ལས་བཏུས་པ་དང༌། རིན་ཆེན་ཕྲེང་བ་དང་རྩ་ཤེ་ལ་སོགས་པའི་རིགས་ཚོགས་རྣམས་དང་སློབ་དཔོན་ཀ་མ་ལ་ཤཱི་ལས་མཛད་པའི་སྒོམ་རིམ་གསུམ་ལ་སོགས་པ་གསུང་རབ་དགོངས་འགྲེལ་དང་བཅས་པ་ཐམས་ཅད་བྱང་ཆུབ་ལམ་གྱི་རིམ་པའི་གདམས་ངག་ཏུ་ངོ་སྤྲད་ནས་སྟོན་པར་མཛད་པས་རྒྱལ་བའི་གསུང་རབ་དགོངས་འགྲེལ་དང་བཅས་པ་འཆད་པ་ལ་མི་འཇིགས་པའི་སྤོབས་པ་ཐོབ།རང་དང་གཞན་གྱི་གྲུབ་མཐའ་རྒྱ་མཚོའི་ཕ་རོལ་ཏུ་སོན། སྡེ་སྣོད་གསུམ་དང་ཤིང་རྟ་ཆེན་པོའི་གཞུང་རྣམས་ཕལ་ཆེར་ཐུགས་ལ་གཟུང་སྟེ་སྐལ་བ་དང་ལྡན་པ་གཞན་དག་ལ་གསུང་རབ་དགོངས་འགྲེལ་དང་བཅས་པ་མཐའ་དག་བྱང་ཆུབ་ལམ་གྱི་རིམ་པར་བསྡུས་ནས་འདོམས་པ་ལ་དབང་འབྱོར་པས་བོད་དུ་སྐྱེས་པའི་མི་ཞིག་ལ་ཤ་ར་བ་ཆེན་པོ་ལས་མཁྱེན་རབ་རླབས་ཆེ་བ་མེད་ཅེས་བཀའ་གདམས་གོང་མའི་གསུང་བསྒྲོས་ལས་འབྱུང༌། དོན་འདི་དག་ལ་དགོངས་ནས་རྗེ་ཐམས་ཅད་མཁྱེན་པས་ཀྱང༌། རྣམ་དཔྱོད་འགྲན་ཟླ་བྲལ་བའི་ཤ་ར་བ། །ཞེས་བསྔགས་པ་མཛད་དོ། །

             ཤ་ར་བ་ཆེན་པོ་ཉིད་ཀྱི་ཞལ་ནས།དེང་དུས་ཆོས་བྱེད་ཀུན་ཆོས་འཆད་པ་པོ་གང་ན་ཡོད་ཟེར་བ་ཐམས་ཅད་ཀྱི་རྩར་འགྲོ་སྟེ། སྟོན་པ་རིན་པོ་ཆེ་ཡབ་སྲས་ཀྱི་ལུགས་དེ་མིན། དགེ་བཤེས་སྟོན་པས་སྐུ་ཚེ་དེ་ལ་བླ་མ་ལྔ་ལས་མ་བསྟེན། དེ་ཡང་དགེ་བསྙེན་གྱི་སྡོམ་པའི་སློབ་དཔོན་དང༌། ཀློག་ཡིག་སློབ་པའི་སློབ་དཔོན་དང༌། བླ་མ་སེ་བཙུན་དང༌། པཎྜི་ཏ་སྨྲི་ཏི་དང༌། ཇོ་བོ་རྗེ་སྟེ། དེ་རྣམས་ཀྱི་ནང་ནས་ཀྱང་གཞན་རྣམས་ལ་ཆོས་འབྲེལ་རེ་ཙམ་ཡིན་བླ་མ་སེ་བཙུན་པ་ལ་མཚན་ཉིད་ཀྱི་གཞུང་རྣམས་གསན། གཙོ་བོ་ནི་ཇོ་བོ་རྗེ་ཉིད་ལ་བརྟེན་ནས་བྱང་ཆུབ་ལམ་གྱི་རིམ་པ་མཐའ་དག་པར་གསན་ཏེ། ཇོ་བོ་རྗེ་མངའ་རིས་སུ་མཇལ་བ་ནས་མཐར་སྙེ་ཐང་དུ་ཞིང་གཤེགས་པའི་བར་ཇོ་བོ་རྗེ་ཉིད་བསམ་སྦྱོར་གཉིས་ཀྱིས་ཚུལ་བཞིན་དུ་བསྟེན་ཏེ་མདོ་སྔགས་ཀྱི་གསུང་རབ་དགོངས་འགྲེལ་དང་བཅས་པ་མཐའ་དག་བྱང་ཆུབ་ལམ་གྱི་རིམ་པར་བསྡུས་ཏེ་གསན་ཞིང་དེ་འབའ་ཞིག་ཐུགས་ཉམས་སུ་བཞེས་པས་བསྟན་པ་ཡོངས་རྫོགས་ཀྱི་བདག་པོར་བྱོན་པ་ཡིན། དགེ་བཤེས་པོ་ཏོ་བ་ཆེན་པོས་ཀྱང་ཁྱིམ་དུ་བཞུགས་སྐབས་སྦ་སྒོམ་ལ་བསྙེན་གནས་ཀྱི་སྡོམ་པ་ཞིག་ཞུས་བླ་མ་དེ་དང༌། དགེ་ཚུལ་གྱི་སྡོམ་པའི་མཁན་སློབ་དང༌། མཚན་ཉིད་ལ་བསླབ་སྦྱོང་མཛད་པའི་སྐབས་ཀྱི་སློབ་དཔོན་དང༌། འབྲོམ་རིན་པོ་ཆེ་རྣམས་མ་གཏོགས་པ་བླ་མ་མ་བསྟེན། དེ་ཡང་གཙོ་བོར་འབྲོམ་རིན་པོ་ཆེ་ཉིད་བསྟེན་ཏེ། དང་པོ་མཇལ་བ་ནས་མཐར་ཞིང་ནམ་གཤེགས་ཀྱི་བར་བསམ་སྦྱོར་གཉིས་ཀྱིས་ཚུལ་བཞིན་དུ་བསྟེན་ཏེ་བྱང་ཆུབ་ལམ་གྱི་རིམ་པ་ཉིད་ལ་སྦྱངས་པས་བསྟན་པ་ཡོངས་རྫོགས་ཀྱི་བདག་པོར་བྱོན། ཁོ་བོས་ཀྱང་བཀའ་གདམས་སྐུ་མཆེད་རིན་པོ་ཆེ་གསུམ་ལ་བསྟེན་ཅིང་དེའི་ནང་ནས་ཀྱང་དགེ་བའི་བཤེས་གཉེན་པོ་ཏོ་བ་ཆེན་པོ་ཉིད་ལ་བསྟེན། གཞན་དག་དགེ་ཚུལ་གྱི་མཁན་སློབ་མ་གཏོགས་བླ་མ་གཞན་མ་བསྟེན། དགེ་བཤེས་པོ་ཏོ་བ་ཆེན་པོ་ནི་ལོ་བཅོ་བརྒྱད་ཀྱི་བར་དུ་བསྟེན་ཏེ་མི་མཉེས་པ་སྐད་ཅིག་ཀྱང་བྱེད་མ་མྱོང་གསུངས། མཐར་དགེ་བཤེས་པོ་ཏོ་བ་ཞིང་གཤེགས་ནས་དགེ་བཤེས་པོ་ཏོ་བའི་སློབ་མ་ཕལ་ཆེར་ཤ་ར་བའི་རྗེས་སུ་འབྲང་སྟེ་འཁོར་བརྒྱ་ཕྲག་མང་པོ་དང་བཅས་ཀླུངས་ཤོད་དུ་བྱོན་ནས་ཚོགས་བསྡུས།ཡོ་བྱད་གང་བྱུང་ཐམས་ཅད་དགེ་འདུན་ལ་བསྔོས།

              དེ་ནས་སྙན་པའི་གྲགས་པས་འཛིན་མའི་ཁྱོན་ཀུན་ཁྱབ་སྟེ་བྱང་ཆུབ་ལམ་གྱི་རིམ་པ་རྒྱ་ཆེར་བཤད་པས་ཆོས་གསན་པ་མང་དུས་སུམ་སྟོང་འདུས་པ་བྱུང༌། ཕལ་ཆེར་ཉིས་སྟོང་ལྷག་ཙམ་རྒྱུན་དུ་འདུས། དེ་ཐམས་ཅད་ཀྱང་དགེ་བཤེས་ཤ་ར་བ་ཆེན་པོ་ཉིད་ཀྱི་རྣམ་ཐར་རྗེས་སུ་སྐྱོང་བ་ཤ་སྟག་བྱུང་སྟེ། ཤ་ར་བ་ཆེན་པོ་ཉིད་ཀྱིས་རང་གི་འཁོར་དུ་འདུས་པའི་གདུལ་བྱ་ཐམས་ཅད་ཚུལ་ཁྲིམས་རྣམ་པར་དག་པ་གཞིར་བཟུང་ནས་སྐྱེས་བུ་གསུམ་གྱི་ལམ་གྱི་རིམ་པ་སྒོམ་པ་ལ་སྦྱར། ལམ་གྱི་རིམ་པའི་ཡང་རྩ་བ་བཤེས་གཉེན་བསྟེན་ཚུལ་རྣམ་པར་དག་པ་ཞིག་དགོས་ཞེས་འདོམས་པར་མཛད།

                                                                                 རྩོམ་སྒྲིག་པ། མང་ར་བ།
       
གསལ་འདེབས།
               རྩོམ་འདིའི་པར་དབང་ངེད་དགེ་ལུགས་པའི་དྲ་བར་གཏོགས་པས་གང་འདོད་དུ་གཞན་དུ་མི་འགོད་པ་དང་། གལ་ཏེ་འགོད་ན་རྩོམ་ཁུངས་དང་སྦྲེལ་ཐག་གསལ་པོར་དགོད་པར་ཞུ།
               དྲ་བའི་སྦྲེལ་ཐགhttp://www.tb1025.cn
 

 

བརྒྱུད་འགོད།