དགེ་བའི་བཤེས་གཉེན་ཤ་ར་བའི་རྣམ་ཐར་དང་བོ།

ཡོང་ཁུངས།   ངེད་དགེ་ལུགས་པའི་དྲ་བ།     སྤེལ་དུས།  2017-04-18 21:42:45     རྩོམ་པ་པོ།   ཡོངས་འཛིན་ཡེ་ཤེས་རྒྱལ་མཚན།     ཀློག་ཐེངས།  

58ca1114cb9ad3e361f2bf59af595072_.jpg

              རྣམ་དཔྱོད་འགྲན་ཟླ་བྲལ་བའི་ཤ་ར་བ། ཞེས་བསྔགས་པ། བྱང་ཕྱོགས་གངས་རིའི་ཁྲོད་འདིར་རྒྱལ་བའི་བསྟན་པའི་སྙིང་པོ་ཇོ་བོ་ཡབ་སྲས་ཀྱི་མན་ངག་བྱང་ཆུབ་ལམ་གྱི་རིམ་པ་སྤེལ་བའི་སླད་དུ་བསམ་བཞིན་དུ་བྱོན་པ་སེམས་དཔའ་ཆེན་པོ་ཤ་ར་བ་གང་དུ་འཁྲུངས་པའི་ཡུལ་ནི། བྱང་རྭ་སྒྲེང་ནས་ཡ་ཚད་ཕྱིན་པའི་ཡུལ་རོམ་པོ་ཞེས་པ་ཡིན་ལ། གནས་དེར་པ་ཆེབ་རོམ་པོའི་རྒྱུད་དུ་ལྕགས་ཕོ་ཁྱིའི་ལོ་ཡུམ་ཕྱུགས་མ་སྐྱོང་བའི་ཕྱིར་རྡོ་ལེབ་ཆེན་པོ་ཞིག་གི་སྟེང་ན་བཞུགས་པའི་དུས་སུ་འཁྲུངས་ཏེ། ཕྱིས་རྡོ་ལེབ་དེ་ལ་ཤ་ར་བ་བལྟམས་ས་ཞེས་གྲགས་ཤིང་རྡོ་ལེབ་དེའི་སྟེང་ན་ཤ་ར་བ་འཁྲུངས་ནས་ཞབས་བརྐྱངས་པའི་ཤུལ་རྡོ་ལ་ཞབས་རྗེས་ཀྱང་ཡོད་ཅེས་རྗེ་བཙུན་བླ་མ་བློ་བཟང་ཡེ་ཤེས་གསུངས། གནས་དེ་ད་ལྟ་ཀུན་གྱི་ཕྱག་མཆོད་ཀྱི་གནས་སུ་བྱེད་དོ། །

              དེ་ནས་དགུང་ལོ་བཅོ་བརྒྱད་ཀྱི་བར་ཡབ་ཡུམ་གཉིས་ཀྱིས་བསྐྱངས་ཤིང་ཁྱིམ་དུ་ཞུགས། དེར་བཞུགས་རིང་བྱིས་པའི་སྤྱོད་པ་མཐའ་དག་ལས་ངང་གིས་ལོག །སྔར་ཡུན་རིང་པོ་ནས་གོམས་པའི་བག་ཆགས་བརྟས་པས་ཡི་གེ་འབྲི་ཀློག་སོགས་ནི་ཚེགས་མེད་པར་མཁྱེན། དཀོན་མཆོག་མཆོད་པ་སོགས་དགེ་བའི་ལས་ལ་ནི་ངང་གིས་འཇུག སྐལ་བ་མཉམ་པའི་སེམས་ཅན་གཞན་དག་མཐོང་ན་བྱམས་པའི་མིག་གིས་བལྟ་ཞིང་བརྩེ་བའི་འཛུམ་གྱིས་བསུ་བ་ལས་གཞན་ལ་ཁྲོ་བ་དང་སྐྱོན་བརྗོད་ལ་སོགས་སྒོ་གསུམ་ཉེས་པར་སྤྱོད་པ་ལ་ནི་ངོ་ཚར་བལྟས་ཏེ་འཇུག་པའི་སྐབས་མེད། གཞན་དུ་ན་བསམ་པ་འདི་ལྟ་བུ་དག་འཁྲུངས་པར་ངེས་ཏེ། སྐྱེས་རབས་ལས། བཙོན་ར་འདྲ་བའི་ཁྱིམ་ལ་ནི། །ནམ་ཡང་བདེ་བར་མ་སེམས་ཤིག ཕྱུག་གམ་ཡང་ན་དབུལ་ཡང་རུང༌། ཁྱིམ་ན་གནས་པ་ནད་དུ་ཆེ། །གཅིག་ནི་བསྲུང་བས་ཉོན་མོངས་ལ། །གཉིས་པ་འཚེལ་བས་ཤ་ཐང་ངོ༌། །ཕྱུག་གམ་ཡང་ན་དབུལ་ཡང་རུང༌། །གང་ན་བདེ་བ་མེད་གྱུར་པ། །དེ་ལ་དགའ་བར་རྨོངས་པ་ནི། །སྡིག་པའི་འབྲས་བུ་སྨིན་པ་ཉིད། །ཅེས་གསུངས་པ་ལྟར།ཁྱིམ་ན་གནས་པ་ནི་ཉོན་མོངས་པ་དང༌། ཉེས་པར་སྤྱོད་པ་དང་སྡུག་བསྔལ་དུ་མའི་འབྱུང་གནས་སུ་རིག་ནས་བདག་ནམ་ཞིག་ན་བཙོན་དོང་དང་འདྲ་བའི་ཁྱིམ་གྱི་གནས་འདི་ནས་བྱུང་སྟེ་རྒྱལ་བའི་བསྟན་པ་ལ་ཞུགས་ནས་ཐོས་བསམ་སྒོམ་གསུམ་ལ་འབད་པ་ཞིག་ནམ་འོང་སྙམ་དུ་དེ་འབའ་ཞིག་བསམ་ཞིང་མདོ་སྔགས་ཀྱི་གསུང་རབ་རྣམས་ལ་ཡང་དང་ཡང་དུ་བལྟ་བ་ལྷུར་ལེན་པར་བྱེད་དོ།།དེ་ནས་ཕ་མ་དང་ཉེ་དུ་རྣམས་ཀྱིས་བག་མ་ལེན་པའི་སྦྱོར་བ་བཤམས་པ་ན་རང་ཡུལ་ཉེ་དུ་ནོར་ལོགས་སྤྱོད་གང་ལའང་མ་ཆགས་པར་མཆིལ་སྣབས་བཞིན་དུ་དོར་ཏེ་དགུང་ལོ་བཅོ་བརྒྱད་པའི་དཔྱིད་བྲོས་ནས་ཀླུངས་ཤོད་དུ་ཕེབས་ནས་རབ་ཏུ་བྱུང༌། མཚན་ཡོན་ཏན་གྲགས་སུ་བཏགས། རབ་ཏུ་བྱུང་བའི་ས་དེ་ལ་ཀླུངས་ཤོད་ཆོར་བ་ཞེས་གྲགས། དེར་ཡང་ཉེ་དུ་རྣམས་ཀྱིས་འཛིན་མི་བྱུང་དོགས་ནས་ཀླུངས་ཤོད་ཕྱུར་བུ་ཞེས་བྱ་བ་ན་དགེ་བའི་བཤེས་གཉེན་སྤྱན་སྔ་བ་ཆེན་པོ་མཚམས་དམ་པར་བཅད་པའི་སར་བྱོན།

              སྤྱན་སྔ་བ་ཆེན་པོས་ཀྱང་བཀའ་གདམས་བསྟན་འཛིན་ཆེན་པོ་ཞིག་ཏུ་འགྱུར་བར་གཟིགས་ནས། དགྱེས་བཞིན་དུ་རྗེས་སུ་བཟུང་ནས་གདམས་པ་དང་རྗེས་སུ་བསྟན་པ་མང་དུ་སྩལ། དེའི་ཚེ་ཤ་ར་བ་ཡོན་ཏན་གྲགས་ཀྱི་ཐུགས་དགོངས་ལ་བཀའ་གདམས་སྐུ་མཆེད་གསུམ་པོ་ལ་ཇོ་བོ་རྗེའི་མན་ངག་ཞུས་ནས་གཙང་ཕྱོགས་སུ་གསང་སྔགས་ཀྱི་ཆོས་མང་པོ་ཞིག་ཞུ་བར་འབྱོན་བཞེད་ནར་མར་འཁྲུངས་ཏེ། དུས་དེའི་ཚེ་གཙང་ན་འབྲོག་མི་ལོ་ཙཱ་བ་དང་རྗེ་འགོས་ལོ་ཆེན་པོ་བཞུགས་ཏེ་གསང་སྔགས་རྒྱུད་སྡེ་བཞིའི་འཆད་ཉན་ཤིན་ཏུ་དར་བ་ཡོད་པས་རྡོ་རྗེ་འཛིན་པ་ཆེན་པོ་དེ་དག་གི་ཞབས་ལ་གཏུགས་ཏེ་རྒྱུད་སྡེ་བཞི་ག་དང༌། ཁྱད་པར་གསང་སྔགས་བླ་མེད་ཀྱི་མན་ངག་རྣམས་ཞུས་ཏེ་སྔགས་ལམ་སྒོམ་པ་ཞིག་གཙོ་བོར་བྱེད་དགོངས་པ་བྱུང༌། དེ་ནས་དེ་ཁའི་དབྱར་དུས་དགེ་བའི་བཤེས་གཉེན་པོ་ཏོ་བ་ཆེན་པོ་སྟག་ལུང་ཐང་ན་བཞུགས་པའི་སྤྱན་སྔར་བྱོན། ཆོས་ཀྱི་གསོལ་བ་བཏབ་པ་ན་དགེ་བཤེས་པོ་ཏོ་བ་ཆེན་པོས་ཀྱང་རང་གི་སྲས་ཀྱི་ཐུ་བོ་བསྟན་པའི་བདག་པོར་འགྱུར་བར་གཟིགས་ནས་སྤྱན་གྱི་འབྲས་བུ་ལྟར་བསྐྱངས་ཏེ་དུས་གསུམ་གྱི་རྒྱལ་བ་ཐམས་ཅད་གང་ནས་གཤེགས་པའི་ལམ་པོ་ཆེ། རྒྱལ་བས་གསུངས་པའི་ཆོས་ཕུང་བརྒྱད་ཁྲི་བཞི་སྟོང་པོ་ཐམས་ཅད་ཉམས་ལེན་གྱི་ལུས་གཅིག་ཏུ་དྲིལ་བ་བྱང་ཆུབ་ལམ་གྱི་རིམ་པའི་ཁྲིད་གནང་སྟེ། ཐོག་མར་གང་ཉམས་སུ་བླང་བར་བྱ་བ་དེ་ནས་བཟུང་སྟེ་མཐར་འབྲས་བུ་འགྲུབ་པའི་བར་གྱི་ལམ་གྱི་གྲངས་དང་གོ་རིམ་ལམ་སོ་སོའི་ངོ་བོ་རྣམས་རྒྱལ་བའི་བཀའ་དང་ཤིང་རྟ་ཆེན་པོའི་གཞུང་ནས་འབྱུང་བའི་དྲི་མ་མེད་པའི་རིགས་པས་ཆེས་ཞིབ་པར་མིག་ལ་མངོན་སུམ་དུ་སྣང་བའི་དཔེ་དང་བཅས་ཁྲིད་པར་མཛད་པ་ན་ཤ་ར་བ་ཆེན་པོ་སྔོན་ཡུན་རིང་པོ་ནས་ལམ་ལ་སྦྱངས་པའི་བག་ཆགས་སད་དེ་ལམ་གྱི་གྲངས་དང་གོ་རིམ་ལ་ལྡོག་ཏུ་མེད་པའི་དད་པ་དང༌། ཚིག་ཙམ་མིན་པར་རིགས་པའི་ལམ་ནས་དྲངས་པའི་ངེས་ཤེས་བརྟན་པོ་རྙེད་ནས་རེ་ཞིག་སྔགས་ལམ་མཐོན་པོ་ལ་འཇུག་པའི་རེ་བ་མི་འདུག་སྙམ་ནས་གཙང་དུ་འགྲོ་བའི་འདུན་པ་ལོག །ལམ་མ་ནོར་བར་སྟོན་པའི་དགེ་བའི་བཤེས་གཉེན་འདི་ལྟ་བུ་དང་ལན་ཅིག་མཇལ་བ་འདི་ག་ལ་འདོར་སྙམ་དུ་སྐད་ཅིག་གཅིག་ཀྱང་འབྲལ་མི་ཕོདཔར་དང་པོར་མཇལ་བ་དེ་ནས་བཟུང་མཐར་དགེ་བཤེས་པོ་ཏོ་བ་ཆེན་པོ་ཞིང་གཤེགས་ཀྱི་བར་ནམ་ཡང་མ་བྲལ་བར་བསམ་སྦྱོར་གཉིས་ཀྱིས་ཚུལ་བཞིན་དུ་བསྟེན་ཏེ་ལམ་གྱི་རིམ་པའི་གདམས་ངག་མ་ལུས་པ་བུམ་པ་གང་བྱོར་གསན།

                                                                                                                          རྩོམ་སྒྲིག་པ། མང་ར་བ།
            གསལ་འདེབས། 
                     རྩོམ་འདིའི་པར་དབང་ངེད་དགེ་ལུགས་པའི་དྲ་བར་གཏོགས་པས་གང་འདོད་དུ་གཞན་དུ་མི་འགོད་པ་དང་། གལ་ཏེ་འགོད་ན་རྩོམ་ཁུངས་དང་སྦྲེལ་ཐག་གསལ་པོར་དགོད་པར་ཞུ།
                     དྲ་བའི་སྦྲེལ་ཐགhttp://www.tb1025.cn

 

བརྒྱུད་འགོད།