དགེ་བའི་བཤེས་གཉེན་གླང་རུ་ཐང་བའི་རྣམ་ཐར་གཉིས་པ།

ཡོང་ཁུངས།   ངེད་དགེ་ལུགས་པའི་དྲ་བ།     སྤེལ་དུས།  2017-04-18 21:35:32     རྩོམ་པ་པོ།   ཡོངས་འཛིན་ཡེ་ཤེས་རྒྱལ་མཚན།     ཀློག་ཐེངས།  

3a8f29e5b4891f4fbe3d77181058eb6b_.jpg

              དེ་ནས་བཤེས་གཉེན་ཆེན་པོ་འདིས་གདུལ་བྱ་འདུལ་བའི་དུས་ལ་བབ་པ་ན། གླང་ཐང་གི་དགོན་པ་བཏབ་ཚུལ་དང་བྱང་ཆུབ་ལམ་རིམ་བཀའ་གདམས་གཞུང་དྲུག་དང་སྦྱར་ཏེ་རྒྱ་ཆེར་བསྟན་པའི་ཚུལ་སྔར་བཤད་ཟིན་ཅིང༌།རང་རྒྱུད་འདུལ་བ་གཙོ་བོར་མཛད་དེ་འདོད་ཡོན་གྱི་འཁྲི་བ་ཆོད་པ་ཡང་མགྲོན་པ་ལམ་ལ་འགྲོ་ཁ་མ་ཞིག་གིས་ཇ་ལེགས་པ་ཞིབ་མ་གང་ཕུལ།སྐོལ་ནས་བཞེས་པའི་ཞུ་བ་ཕུལ་ནས་ཡོད་པ་ལ་ཡོན་བདག་དེ་མདོ་ནས་ཡར་འཁོར་ནས་མཇལ་དུ་ཕྱིན་པས་ཇ་རྡུལ་ཁད་དེ་འདུག་པ་ལ་ཇ་མ་སྐོལ་ལམ་ཞུས་པས་ངས་ཀྱང་ཁོ་མ་སྐོལ། ཁོས་ཀྱང་ང་མ་སྐོལ་གསུངས། ཉེ་གནས་ཀྱིས་ངེད་རང་ལ་མི་རྣམས་ཀྱིས་གླང་རི་ཐང་པ་ངོ་ནག་པ་ཞུ་ཡི་འདུག མཇལ་མི་བྱུང་བ་རྣམས་ལ་གསུང་གླེང་རེ་དང་ཞལ་ངོ་དཀར་པ་རེ་མཛད་ན་ཞུས་པས། དེའང་ཡིན་ཏེ་འཁོར་བའི་ཉེས་དམིགས་བསམ་ན་ངོ་དཀར་ས་འདུག་གེ དེས་ན་འཁོར་བ་འདི་གསོས་དུས་མེད་པའི་ནད་དང༌། ཐར་དུས་མེད་པའི་བཙོན་དུ་འདུག་གོ་གསུངས། རབ་ཏུ་བྱུང་ནས་སྐུ་ཚེ་རིལ་པོ་ལ་ཞལ་འཛུམ་པ་ལན་གསུམ་ལས་མ་བྱུང༌།

              ད་ལྟར་དགེ་བཤེས་གླང་ཐང་པས་བསྒྲུབ་པ་དར་དྲག་ལ་རྒྱུན་རིང་པ་མཛད་ཅིང་ཐེག་ཆེན་གྱི་ཆོས་མཐའ་དག་ལ་སྐད་ཅིག་ཀྱང་གཡེལ་བ་མེད་པར་སྦྱངས་ཏེ་གཟུངས་དང་ཏིང་ངེ་འཛིན་ལ་སོགས་པ་སངས་རྒྱས་ཀྱི་ཆོས་གྲངས་མེད་པ་ལ་རྣམ་པར་རྩེ་ཞིང༌། སྤྱན་དང་མངོན་པར་མཁྱེན་པ་ལ་སོགས་པ་ཡོན་ཏན་ཐམས་ཅད་ཀྱིས་ཕྱུག་པ། བདེ་བར་གཤེགས་པ་ནམ་མཁའི་སྐར་ཚོགས་ཙམ་གྱི་ཞལ་གཟིགས། སྤྱོད་འཇུག་ལས། བདག་བདེ་གཞན་གྱི་སྡུག་བསྔལ་དག །ཡང་དག་བརྗེ་བ་མ་བྱས་ན། །སངས་རྒྱས་ཉིད་དུ་མི་འགྲུབ་ཅིང༌། །འཁོར་བ་ན་ཡང་བདེ་བ་མེད། །ཅེས་གསུངས་པ་ལྟར་བདག་གཞན་བརྗེ་བའི་ཉམས་ལེན་གཏོང་ལེན་རླུང་ལ་སྐྱོན་ནས་བསྒོམས་པས་འབད་མེད་ལྷུན་གྲུབ་ཏུ་བྱུང་སྟེ།ཁོ་བོས་རླུང་ཐ་མལ་དུ་གཏོང་མ་མྱོང་གསུངས་ལན་ཅིག་གླང་ཐང་པ་ཆོས་གསུང་བའི་པང་དུ་བུད་མེད་ཞིག་གིས་བུ་ཆུང་སྐྱེས་མ་ཐག་ཅིག་བསྐྱལ་ནས་འདི་ཁྱེད་རང་གི་བུ་ཡིན་ནོ་ངས་མི་གསོས་སོ་ཟེར་ནས་སོང༌། དེ་ལ་ཞལ་ངོ་འགྱུར་བ་ཙམ་ཡང་མེད་པར་དང་བླངས་མཛད། འོ་འདུ་བཙལ་ནས་མ་རྒྱགས་བུ་རྒྱགས་གནང༌།བུ་དེ་ཆེར་སྐྱེས་པ་དང་སྔར་གྱི་མི་ཚང་གིས་བསྙེན་བཀུར་བྱས་ནས་དེ་གོང་བུ་ཆུང་འདྲ་བྱུང་བ་མ་གསོས། འདི་ཡང་འདི་བཞིན་མ་བྱས་ན་མི་གསོས་པ་མོ་དང་རྩིས་ལ་བྱུང་བས་དེ་ལྟར་བྱས་པ་ལགས། བཟོད་པ་མཛད་ཅིང་བུ་གནང་བ་ཞུས་པས་ཅི་དགར་གནང་སྟེ་འདི་ནི་བྱང་ཆུབ་སེམས་དཔའི་སྤྱོད་པ་བྱ་དཀའ་བའི་གནས་ལ་བསླབས་པའོ། །

              ལྷ་མོ་ལུང་གི་དགོན་པ་ན་བཞུགས་དུས་དབྱར་ཅིག་སེ་ལྕོག་པའི་ཞིང་ལ་ཆུའི་གནོད་པ་བྱུང་བ་ལ། ཆུ་སྒྱུར་ཞུས་པས་རྭ་ཅོ་ཁ་བཅད་པ་ཐེ་རྩེས་མནན་པ་ཞིག་བསྐུར་ནས་ཆུའི་གནོད་པ་འོང་བའི་ལོགས་ལ་སྦོས་གསུངས།དེ་བཞིན་བྱས་པས་ཆུ་ཕར་འགྱུར། ཕྱིས་རྭ་ཅོ་ཁ་ཕྱེ་ནས་བལྟས་པས། འདི་ན་དགེ་སློང་རྡོ་རྗེ་སེང་གེ་ཡོད་པས་ཆུ་ཁྱོད་ཕར་རྒྱུག་ཟེར་བ་ཞིག་འདུག་གོ །དེ་ནི་བདེན་པའི་བྱིན་གྱིས་བརླབས་ཀྱིས་མེ་ཡི་ཕུང་པོ་ཞི། །དེ་ནི་མི་ལྡོག་ལུང་བསྟན་ཡིན་པར་རིག་པར་བྱ། །ཞེས་གསུངས་པ་དང་ཚུལ་མཚུངས་པའོ། །གླང་རི་ཐང་གི་ཐུགས་དམ་འབུམ་པ་རྒྱལ་བ་སྲས་བཅས་ཀྱི་ཕོ་བྲང་མཐོང་བ་དོན་ལྡན་བཞེངས་གྲུབ་ནས་རྟེན་དམ་ཚིག་པ་ལ་ཡེ་ཤེས་པ་རབ་ཏུ་གནས་པའི་བརྟན་བཞུགས་དང༌། མེ་ཏོག་གི་མངའ་དབུལ་ཕྱོགས་བཞི་རེ་རེ་ནས་བཤེས་གཉེན་ཆེན་པོ་པོ་ཏོ་བ་ལ་སོགས་པ་དགེ་སློང་རྣམ་དག་སྣམ་སྦྱར་བཞེས་པ་བརྒྱ་རྩ་བརྒྱད་ཙམ་གྱིས་མེ་ཏོག་གི་ཆར་ཕབ་པའི་ཚེ། ནམ་མཁའ་ལ་འཇའ་ཚོན་རྣམ་པར་བཀྲ་བའི་གུར་བཀྲ་ཤིས་རྟགས་བརྒྱད་ལྟ་བུ་ངོ་མཚར་བས་གང༌། བར་སྣང་ནས་ལྷས་མེ་ཏོག་གི་ཆར་ཕབ་པའི་དྲི་བསུང་ཁྱད་པར་ཅན་དུད་འགྲོས་ཀྱང་མནམ་དུ་རུང་བ་བྱུང༌།ཞལ་བསྲོ་ལ་དཀོན་མཆོག་གི་མཆོད་པ་རྒྱ་ཆེན་པོ་དང༌། དགེ་འདུན་འདུས་པ་རྒྱ་མཚོའི་ཚོགས་ལ་བསྙེན་བཀུར་དང༌།སྐྱེ་བོ་མཐའ་ཡས་པ་ལ་སྦྱིན་གཏོང་རྒྱ་ཆེན་པོ་དང༌། ཕོངས་པ་ལ་ཕམ་བབས་ཆེར་སྩལ་ཏེ། དེ་ཡང༌། བདོག་པ་ཐམས་ཅད་འབྲས་བཅས་ཏེ། །སྐྱེ་བོ་ཀུན་ལ་བཏང་སེམས་ཀྱིས། །སྦྱིན་པའི་ཕ་རོལ་ཕྱིན་གསུངས་ཏེ། ཞེས་པ་ལྟར་རོ། །དང་པོའི་དུས་སུ་གླང་ཐང་པ་དང་ཤ་བོ་སྒང་པ་གཉིས་ཆོས་ཕར་གསན་ཚུར་གསན་བྱེད། ཤ་བོ་སྒང་པའི་ཞལ་ནས། གླང་ཐང་པ་བྱང་ཆུབ་ཀྱི་སེམས་ཚན་ཆེ།ངས་ཕན་འདོགས་པ་ལ་སྲོག་གཏོང་ནུས་ཏེ། གནོད་པ་སྐྱེལ་བ་ལ་མི་ནུས། ཁོང་གིས་གཉིས་ཀ་ལ་ནུས་གསུངས། གཉན་རྣ་མོ་པ་དང༌། ཁོང་རྣམ་གསུམ་འཛོམ་པ་ལ། ད་ལྟ་འཆི་ན་ཇི་ལྟར་བྱེད་བྱས་པས། རྣ་མོའི་ཞལ་ནས་འདི་ཙུག་ཀྱང་བྱེད། འདི་ཙུག་ཀྱང་བྱེད་བྱ་བ་ཁ་ཡར་བྱུང་སྟེ་མང་པ་ཡིན་གསུངས། ཤ་བོ་སྒང་པའི་ཞལ་ནས་བྱང་ཆུབ་ཀྱི་སེམས་སྦྱོང་བ་མིན་པ་གཞན་བྱ་རྒྱུ་མེད་གསུངས། གླང་ཐང་པའི་ཞལ་ནས། ཁོ་བོ་ད་ལྟ་རང་འཆི་ཡང་བསྐྱེད་འདོན་རྒྱུ་སྤུ་ཙམ་ཡང་མེད་གསུངས།

              སེམས་དཔའ་ཆེན་པོ་གླང་རི་ཐང་པ་སྐུ་མྱ་ངན་ལས་འདའ་ཁར་སེམས་ཅན་གྱི་དོན་དུ་དམྱལ་བར་སྐྱེ་བར་སྨོན་ལམ་བཏབ་པ་ཡིན་ཏེ་མི་འགྲུབ་པ་འདྲ། དག་པའི་སྣང་བ་འབའ་ཞིག་འཆར་ཡིན་འདུག་གསུངས་ནས་ཐུགས་ཁྲལ་མཛད་པར་གསུངས། དགེ་བའི་བཤེས་གཉེན་འཆད་ཁ་བས་དགེ་བའི་བཤེས་གཉེན་ལྕགས་ཞིང་པ་ལ་གླང་ཐང་པའི་བློ་སྦྱོང་ཆིག་བརྒྱད་མ་གསན་ནས།ཐུགས་འགྱུར་བའི་ཚིག་བརྒྱད་མ་ནི། བདག་ནི་སེམས་ཅན་ཐམས་ཅད་ལ། །ཡིད་བཞིན་ནོར་བུ་ལས་ལྷག་པའི། །དོན་མཆོག་སྒྲུབ་པའི་བསམ་པ་ཡིས། །རྟག་ཏུ་གཅེས་པར་འཛིན་པར་ཤོག །གང་དུ་སུ་དང་འགྲོགས་པའི་ཚེ། །བདག་ཉིད་ཀུན་ནས་དམན་ལྟ་ཞིང༌། །གཞན་ལ་བསམ་པ་ཐག་པ་ཡིས། །མཆོག་ཏུ་གཅེས་པར་འཛིན་པར་ཤོག །སྤྱོད་ལམ་ཀུན་ཏུ་རང་རྒྱུད་ལ། །རྟོག་ཅིང་ཉོན་མོངས་སྐྱེས་མ་ཐག །བདག་གཞན་མ་རུང་བྱེད་པས་ན། །བཙན་ཐབས་གདོང་ནས་བཟློག་པར་ཤོག །རང་བཞིན་ངན་པའི་སེམས་ཅན་ནི། །སྡིག་སྡུག་དྲག་པོས་ནོན་མཐོང་ཚེ། །རིན་ཆེན་གཏེར་དང་འཕྲད་པ་བཞིན། །རྙེད་པར་དཀའ་བའི་གཅེས་འཛིན་ཤོག །བདག་ལ་གཞན་གྱིས་ཕྲག་དོག་གིས། །གཤེ་བསྐུར་ལ་སོགས་མི་རིགས་པའི། །གྱོང་ཁ་རག་གིས་ལེན་པ་དང༌། །རྒྱལ་ཁ་གཞན་ལ་འབུལ་བར་ཤོག །གང་ལ་བདག་གིས་ཕན་བཏགས་པའི། །རེ་བ་ཆེ་བ་གང་ཞིག་གིས། །ཤིན་ཏུ་མི་རིགས་གནོད་བྱེད་ནའང་། །བཤེས་གཉེན་དམ་པར་བལྟ་བར་ཤོག །མདོར་ན་དངོས་དང་བརྒྱུད་པ་ཡིས། །ཕན་བདེ་མ་རྣམས་ཀུན་ལ་འབུལ། །མ་ཡི་གནོད་དང་སྡུག་བསྔལ་ཀུན། །གསང་བས་བདག་ལ་ལེན་པར་ཤོག །དེ་དག་ཀུན་ཀྱང་ཆོས་བརྒྱད་ཀྱི། །རྟོག་པའི་དྲི་མས་མ་སྦགས་ཤིང༌། །ཆོས་ཀུན་སྒྱུ་མར་ཤེས་པའི་བློས། །ཞེན་མེད་འཆིང་བ་ལས་གྲོས་ཤོག །ཅེས་གསུངས་པ་འདིའོ། །དེ་ལྟར་སེམས་དཔའ་ཆེན་པོ་གླང་རི་ཐང་པས་བསྟན་འགྲོའི་དོན་རྒྱ་ཆེར་མཛད་ནས་མཐར་དགུང་ལོ་བདུན་ཅུ་བཞེས་པ་ཆུ་མོ་ཡོས་ལོའི་དཔྱིད་ཟླ་ཐ་ཆུང་ས་གའི་ཉི་ཤུ་གསུམ་ལ། གླང་ཐང་དུ་སྐུ་གཤེགས་ནས་དགའ་ལྡན་ཆོས་ཀྱི་ཕོ་བྲང་དུ་ཕེབས་སོ། །

              སྐུ་གདུང་ལ་མཆོད་པའི་བྱེ་བྲག་བསམ་གྱིས་མི་ཁྱབ་པ་དང་བཅས་ཏེ་ཞུགས་ལ་ཕུལ་བའི་ཚེ།ནམ་མཁའ་ལ་འཇའི་གུར་གྱི་རིམ་པ་དང༌། མེ་ཏོག་གི་ཆར་དང༌། ལྷའི་སྤོས་ཀྱི་ངད་ལྡང་བ་དང༌། རབ་བྱུང་དང་སྐྱེ་བོའི་ཚོགས་ཁྲི་ཁྲག་ཙམ་ཚོགས་པ་ལ་མཐོང་སྣང་དག་པ་དང༌། བྱང་ཆུབ་ཀྱི་སེམས་དང་དད་པ་མི་ཕྱེད་པ་སྐྱེས་པ་ཕལ་ཆེར་ལ་བྱུང་ཞིང༌། གདུང་རུས་ལ་ལྷ་སྐུ་དང༌། ཐུགས་དང༌། གདུང་ཤ་རི་རམ་དང༌། རིང་བསྲེལ་དང་བཅས་པ་བསམ་གྱིས་མི་ཁྱབ་པ་བྱུང་སྟེ་གདུང་རིང་བསྲེལ་གྱིས་ཀྱང་འགྲོ་བའི་དོན་རྒྱ་ཆེར་མཛད་དོ། །དེས་ན་བྱང་ཆུབ་ལམ་གྱི་རིམ་པ་ལ་བློ་སྦྱོང་བར་འདོད་པ་རྣམས་ཀྱིས་སེམས་དཔའ་ཆེན་པོ་པོ་ཏོ་བ་སྲས་དང་བཅས་པ་ལ་མཆོད་ཅིང་གསོལ་བ་གདབ་པ་དང༌། སེམས་དཔའ་ཆེན་པོ་འདིའི་རྣམ་པར་ཐར་པ་དྲན་པར་བྱས་ལ་ལག་ཏུ་ཅི་ལོན་བྱ་བ་དང༌། ཐ་ན་སྨོན་ལམ་གྱི་ཡུལ་དུ་བྱས་ནས་ཀྱང་མཛད་པ་རྣམ་ཐར་དེ་དག་བསམས་ལ་བག་ཆགས་ཅི་ཐེབས་བྱའོ།། །།

                                                                                                                                                རྩོམ་སྒྲིག་པ། མང་ར་བ།
           གསལ་འདེབས། 
                      རྩོམ་འདིའི་པར་དབང་ངེད་དགེ་ལུགས་པའི་དྲ་བར་གཏོགས་པས་གང་འདོད་དུ་གཞན་དུ་མི་འགོད་པ་དང་། གལ་ཏེ་འགོད་ན་རྩོམ་ཁུངས་དང་སྦྲེལ་ཐག་གསལ་པོར་དགོད་པར་ཞུ།
                     དྲ་བའི་སྦྲེལ་ཐགhttp://www.tb1025.cn

བརྒྱུད་འགོད།