དགེ་བཤེས་གླང་རི་ཐང་བའི་རྣམ་ཐར་དང་བོ།

ཡོང་ཁུངས།   ངེད་དགེ་ལུགས་པའི་དྲ་བ།     སྤེལ་དུས།  2017-04-18 21:28:23     རྩོམ་པ་པོ།   ཡོངས་འཛིན་ཡེ་ཤེས་རྒྱལ་མཚན།     ཀློག་ཐེངས།  

4b2bcb31174b04654a187c05e367115b_.jpg

              དགེ་བཤེས་གླང་རི་ཐང་པ། ཡ་གད་དུ་ཚོགས་པ་སྟོང་ཙམ་འདུས་པའི་ནང་ནས་བུ་སློབ་ཆེ་བ་ནི་ལྷ་འབྲི་སྒང་པ། དོན་སྟེང་བ་ཆེན་པོ། བྱ་འཆད་ཁ་བ། དཔལ་ཕག་མོ་གྲུ་པས་ཀྱང་འདི་ལ་ཆོས་འབྲེལ་གསན་སྣང་ངོ༌། །དབུས་ཀྱི་ཉི་ཟླ་ཟུང་གཅིག་ཅེས་ཡོངས་སུ་གྲགས་པ་བཤེས་གཉེན་ཆེན་པོ་པོ་ཏོ་བའི་ཐུགས་སྲས་གླང་རི་ཐང་པ་དང་ཤ་ར་བ་གཉིས་ལས། ཤ་ར་བའི་རྣམ་ཐར་ནི་འཆད་པར་འགྱུར་ལ། དགེ་བའི་བཤེས་གཉེན་གླང་རི་ཐང་པ་ནི་འཕན་ཡུལ་གཉན་གོང་གསེར་མ་ཤོངས་སུ་ཡབ་ཇོ་བོ་དར་མ་མདོ་བཟང་གི་སྲས་སུ་ཤིང་ཕོ་རྟ་ལ་འཁྲུངས། རུས་ཤུགས་ཚངས། ཁོ་རང་གི་ཞང་པོ་བཤེས་གཉེན་གྲོག་མོ་མཁར་པ་ལ་རབ་ཏུ་བྱུང༌། མཚན་རྡོ་རྗེ་སེང་གེར་བཏགས།རྒྱལ་བ་འོད་དཔག་མེད་པའི་སྤྲུལ་པར་བྱེད་ལ། སྔོན་ལོ་ཙཱ་བ་སྐ་བ་དཔལ་བརྩེགས་སུ་སྤྲུལ་ནས་བསྟན་པ་ཆེས་ཆེར་གསལ་བར་མཛད་ཅིང༌། འདིར་གདུལ་བྱ་བློ་དམན་པ་རྣམས་ཀྱི་ངོར་དང་པོར་ཤིན་ཏུ་བཀྲེན་པའི་ཚུལ་མཛད་དེ་འཚོ་བ་དཀའ་ཐུབ་ལ་གནས་ནས་སྡེ་སྣོད་གསུམ་ལ་སྦྱངས་ཤིང༌། སྡེ་སྣོད་གསུམ་གྱི་བརྗོད་བྱའི་དོན་ཐམས་ཅད་སྐྱེས་བུ་གསུམ་གྱི་ལམ་གྱི་རིམ་པར་དྲིལ་ནས་ཉམས་སུ་ལེན་པའི་མན་ངག་བྱང་ཆུབ་ལམ་གྱི་རིམ་པ་ལ་ཐུགས་རྩེ་ཆིག་སྒྲིལ་དུ་མཛད་ནས་བཀའ་གདམས་སྐུ་མཆེད་གསུམ་ག་ལ་གཏུགས་ཤིང་གཙོ་བོར་ནི་དགེ་བའི་བཤེས་གཉེན་པོ་ཏོ་བ་ཆེན་པོ་ལ་བཀའ་གདམས་གཞུང་དྲུག་གི་བཤད་པ་མཐའ་དག་པ་དང༌། ལྐོག་ཆོས་སུ་བདག་པས་གཞན་གཅེས་པའི་བྱང་ཆུབ་ཀྱི་སེམས་སྒོམ་པའི་མན་ངག་བློ་སྦྱོང་དོན་བདུན་མའི་ཁྲིད་ལེགས་པར་གསན་ཏེ་ཉམས་ལེན་གྱི་མཐིལ་དུ་མཛད་དོ། །

              དགེ་བཤེས་སྣེའུ་ཟུར་པ་ལའང་ལམ་རིམ་གྱི་ཁྲིད་གསན་ནོ། །དགེ་བཤེས་གླང་ཐང་པས་ལོར་སྤྱན་སྔ་ལ་ཆོས་གསན་དུས་ཡོས་སྦར་བ་རེས་གདན་ནོན་མཛད་ཀྱིན་བཞུགས། དེ་ནས་བསོད་སྙོམས་མཛད་པའི་རྙེད་པ་གང་བྱུང་སྤྱིར་དགེ་འདུན་དང༌། ཁྱད་པར་པོ་ཏོ་བ་དཔོན་སློབ་རྣམས་ལ་དྲངས་པས་སྐུ་བསོད་སྐྱེས་ཏེ་གྲྭ་པ་ཉིས་སྟོང་ཙམ་འཚོགས་པའི་རྒྱགས་ཁོང་རང་གིས་གནང༌། གནས་ངེས་མེད་མཛད། སྤྱན་སྔ་ལོའི་མཆོད་རྟེན་བཞེངས་དུས་གྲྭ་པ་ལྔ་བརྒྱ་ཁྲིད་དེ་མཆོད་རྟེན་བརྩིག་པའི་ཞབས་ཏོག་ཀྱང་མཛད། གཙོ་བོར་པོ་ཏོ་བའི་རྣམ་ཐར་དང་གསུང་སྒྲོས་འཛིན། པོ་ཏོ་བ་གཤེགས་ཁར་དགེ་བཤེས་གླང་ཐང་པ་ལ་ཁྱེད་གནས་གཅིག་ཏུ་མ་བཞུགས། དངོས་པོ་ཅི་ཡང་བདག་གིར་མ་འཛིན། དེ་གཉིས་སེམས་ལ་ཞོག་གསུངས། སྤྱན་སྔ་ལ་དགེ་བཤེས་གླང་ཐང་པས་ཁོ་བོ་མི་ཚེ་ཧྲིལ་གྱིས་བྱམས་པ་ཁོ་ན་སྒོམ་པར་ཞུ་ཞུས་པས། སྤྱན་སྔས་དབུ་ཞྭ་ཕུད་ནས་ཇོ་བོ་ལ་ཆ་བྱད་བཟང་གསུངས་ནས་དབུ་དུད་དུད་མཛད།

              ལན་ཅིག་གི་ཚེ་ཚེ་རབས་ཐམས་ཅད་དུ་དགེ་སློང་གི་དངོས་པོ་དང་མི་འབྲལ་བའི་དམ་བཅའ་བརྟན་པོ་མཛད་པས།དཔལ་ལྷ་མོ་དྲེའུའི་སྐད་ལྷང་ངེ་བྱོན་ནས་དེའི་བར་དུ་ངས་ཁྱོད་ཀྱི་གྲོགས་བྱའོ་གསུངས། གླང་ཐང་པའི་ཞལ་ནས། ཅི་ཙུག་སོང་ངམ། བསྲུང་སྡོམ་བག་རེ་ཡང་བྱས།བསམ་སྒོམ་བག་རེ་ཡང་བྱས། བསོད་ནམས་ཀྱི་ལས་བག་རེ་ཡང་བྱས་པ་ཅི་འདྲིའི་པོ་ཏི་ཟབ་མོ་ཞིག་ཞལ་ཕྱེ་ཡང་སྐྱོན་ཐམས་ཅད་རང་གི་ཡིན། ཡོན་ཏན་ཐམས་ཅད་ཇོ་བོ་སེམས་ཅན་གྱི་ཡིན། དེའི་གནད་ཀས་ཁེ་དང་རྒྱལ་ཁ་ཐམས་ཅད་གཞན་ལ་བྱིན་ལ། གྱོང་དང་བུབ་ཁ་ཐམས་ཅད་རང་གིས་བླང་སེམས་པ་མིན་པ་གོ་རྒྱུ་མ་རྙེད་གསུངས། ཡང་ཞལ་ནས། འགྲོ་བ་རིགས་དྲུག་གར་སྐྱེ་ཆ་མེད་དེ། གར་སྐྱེས་ཀྱང་སེམས་ཅན་ལ་ཕན་འདོགས་པ་འདི་མི་བརྗེད་དམ་སེམས། མིག་ལོང་ཡང་ཆོས་མི་འཆོར། རྣ་བ་འོན་པ་དང༌། མཛེས་ཁྱེར་བ་དང༌། རྐང་ལག་ཞ་བ་དང༌། ལྕེ་ལྐུགས་ཀྱང་ཆོས་མི་འཆོར་གསུངས་ཏེ་དོན་ལ་ཕྱིར་མི་ལྡོག་པར་ཞལ་གྱིས་བཞེས་པ་ཡིན། པོ་ཏོ་བ་ཞིང་གཤེགས་ནས་ཐང་གྲོང་ལྟག་ཏུ་གཏོར་མ་མཛད་དུས་གཏོར་སྡེར་བྱ་རོག་གིས་ཁྱེར་ཏེ་གླང་ཐང་གི་ཤར་གྱི་རི་དེའུ་དེའི་ཁར་བཞག་པས་གླང་ཐང་པས་དེར་བྱོན། དཔོན་ཤཱཀྱ་བྱ་བས་ཞབས་ཏོག་བྱས་ཏེ་དེར་ལོ་གསུམ་སྒྲུབ་པ་མཛད། ཞོལ་དུ་སྒྲུབ་ཆུ་ཡང་བྱུང༌། ཉིན་མཚན་དབྱེར་མེད་དུ་བྱང་ཆུབ་ཀྱི་སེམས་ཀྱི་ཏིང་ངེ་འཛིན་སྒོམ་པར་མཛད་པས་ཀླུ་མོ་སྤུན་གསུམ་གྱི་གླང་ཐང་གི་གནས་ཕུལ། དགེ་འདུན་གྱི་སྡེ་འཛུགས་པར་ཞུས།

              ཕྱིས་རི་དེའི་སྟེང་ནས་ཡར་འཕུར་ཏེ་ཐུགས་ཕྲེང་སྐྱུར་སར་ཁྲོན་པ་བྲུས། དབུ་ཞྭ་སྐྱུར་སར་བླ་བྲང་བྱས་ཏེ་གླང་ཐང་གི་དགོན་པ་བཏབ། པོ་ཏོ་བའི་མཛད་པ་བཞིན་དུ་བཀའ་གདམས་གཞུང་དྲུག་དང༌། ལམ་སྒྲོན་བྱམས་ཆོས་ལ་སོགས་པའི་གཞུང་ཆེ་བ་རྣམས་ཀྱིས་སློབ་མ་བསྐྱངས། གླང་ཐང་པ་ལ་མོ་ཆགས་དེའུར་བཞུགས་དུས་བྱ་ཡུལ་བས་ཀྱང་འདུལ་བ་མདོ་རྩ་གསན། ཕྱིས་གླང་ཐང་པ་སྣེའུ་ཟུར་བའི་ཡང་སློབ་མར་གྱུར་ཅིང༌། སྣེའུ་ཟུར་བས་གླང་ཐང་པ་ལ་ཁྱེད་ཀྱི་ཡོན་ཏན་དང་བདེ་བ་འདི་རྣམས་གཞན་གང་ལས་ཀྱང་མ་བྱུང་བྱང་ཆུབ་ཀྱི་སེམས་ལས་བྱུང་བ་ཡིན་ནོ་གསུངས་ཏེ། དེ་ཁོ་ན་བཞིན་དུ་བདག་གཞན་བརྗེ་བའི་བྱང་ཆུབ་ཀྱི་སེམས་ཁོ་ན་ལ་གཙོ་བོར་མཛད་དེ། གླང་ཐང་པ་ཉིད་ཀྱི་ཞལ་ནས་ཁོ་བོས་རླུང་ཐ་མལ་དུ་གཏོང་མ་མྱོང་གསུངས་ཏེ་གཏོང་ལེན་སྒོམ་པ་དང་ནམ་ཡང་མ་བྲལ་བར་མཛད་པའི་གསུང་ངོ༌། །གླང་ཐང་པ་ཞལ་བཞུགས་རིང་གླང་ཐང་གི་ལྕགས་རིའི་ནང་དུ་སྲོག་ཆགས་རྣམས་གཅིག་ལ་གཅིག་མི་འཚེ་བར་གྲགས། བླ་མ་རྡོ་རྗེ་གདན་པས་ཁྱུང་པོ་རྣལ་འབྱོར་ལ་སངས་རྒྱས་སྣང་བ་མཐའ་ཡས་ཀྱི་སྤྲུལ་པ་གླང་རི་ཐང་པ་ལས་བསྙེན་པར་རྫོགས་ཤིག་ཅེས་ལུང་བསྟན་པ་ལྟར་དགེ་བཤེས་གླང་ཐང་པས་མཁས་གྲུབ་ཁྱུང་པོ་རྣལ་འབྱོར་གྱི་མཁན་པོ་མཛད་དོ། །

              ལན་ཅིག་དགེ་བཤེས་པོ་ཏོ་བ་ཀླུངས་ཤོད་ན་འགོ་ན་བཞུགས་རྩ་ན། གླང་རི་ཐང་པས་དེར་བྱོན་དུས་གླང་ཐང་པ་སྐུ་ཁམས་མ་བདེ། དང་ཁ་ངན་པས། སྤྱིར་རིགས་དྲུག་གི་སྡུག་བསྔལ་འདི་འདྲ། དྲག་ཤོས་མི་ཡིན་དེའི་ནང་ནས་ཀྱང་རབ་ཏུ་བྱུང་བ་ཡིན་ཏེ་འདི་འདྲ་བ་སྙམ་ནས་ལས་འབྲས་དང་འཁོར་བའི་ཉེས་དམིགས་བསམ་པས་སྐྱོ་ཞིང་ཡིད་འབྱུང་བ་ནི་སྐྱེས། ལུས་ལ་སྡིག་པ་སྦྱོང་བའི་ནུས་པ་མེད་སྙམ་ནས། པོ་ཏོ་བ་བསྐྱོར་པ་མཛད་པའི་ལམ་ཁར་ན་བཟའ་གདན་དུ་བཏིངས་ནས་དགེ་བའི་བཤེས་གཉེན་པ་འདིར་བཞུགས་པ་ཞུ་དང་ཞུས་པས།ཅི་བྱེད་ང་བསྐོར་བ་བྱེད་གསུངས་ནས་མ་གནང་བ་ལ་དོན་གལ་ཆེ་བ་ཞིག་བདོག་བཞུགས་པར་ཞུ་དང་ཞུས་པས། དགེ་བཤེས་པ་སྟན་ཐོག་ཏུ་བཞུགས་པ་ལ་གླང་རི་ཐང་པས་ཁོ་བོ་དབྱར་ཁམས་ངན་པར་བྱུང༌། དང་ཁ་ཡང་ངན་པར་བྱུང༌། མི་རྟག་པ་དང་འཁོར་བའི་ཉེས་དམིགས་བསྒོམས་པས་ཡིད་འབྱུང་སྐྱེས། དགེ་སྦྱོར་བྱེད་པའི་ནུས་པ་མེད་པས་ཤེས་པ་ཤིན་ཏུ་མ་བདེ། གདམས་ངག་ཞིག་ཞུ་འཚལ་ཞུས་པས། པོ་ཏོ་བའི་ཞལ་ནས། ཇོ་བོ་ཁམས་དག་གྲང་དྲོ་སྙོམས་པའི་ཉམས་བདེ་སྟེ་ཚེ་ཕྱི་མ་ལ་ཕན་ནམ་གསུངས་ནས་དགྲ་བཅོམ་པ་གཉིས་ཀྱི་གཏམ་རྒྱུད་དྲངས་ནས། གཞན་ཡང་སྡུག་བསྔལ་ཡོན་ཏན་ནི། །སྐྱོ་བས་དྲེགས་པ་སེལ་བར་བྱེད། །འཁོར་བ་པ་ལ་སྙིང་རྗེ་སྐྱེ། །སྡིག་ལ་འཛེམ་ཞིང་དགེ་ལ་དགའ། །བྱ་བ་ཡིན་ཕར་སོངས་དང་ང་སྐོར་བ་བྱེད་གསུངས་ནས་བཞུད། གླང་ཐང་པ་དེའི་ནུབ་མོ་ནས་བདེ་བསྙུང་དྭངས་སོ། །

              གླང་ཐང་པ་བསོད་ནམས་གསོག་པ་ལ་དགྱེས། ཟྭ་ཐུག་ནུར་ནུར་པ་སྐལ་བ་མི་གང་གལ་ཆེ་བ་ལ་འདྲེན། ལན་ཅིག་ཇ་ནི་མེད། རྩབས་རེ་དང་བཅས་པའི་ཚ་བ་ཞིག་པོ་ཏོ་བ་དཔོན་སློབ་ལ་དྲངས།བསྔོ་བ་བྱེད་ཙ་ན་ཁ་བ་ཐུལ་གྱིས་བྱུང་བས། པོ་ཏོ་བའི་ཞལ་ནས་སྒོམ་ནག་ཁྱོད་ཉི་མ་དེ་རིང་ནས་དབུལ་དང་བྲལ་བ་ཡིན་ནོ་གསུངས། དགེ་བཤེས་གླང་ཐང་པས་ལྷ་སར་བསྐོར་བ་ཡུན་རིང་མཛད་དུས་དགོང་མོ་ཕྱི་སེ་བ་ཞིག་ལ་བྱོན་པས་སྐད་ཅིག་ལྷང་ལྷང་གྲག་པ་གཟིགས་སུ་བྱོན་པས་བུད་མེད་གཞོན་ནུ་ཞིག་སྐྱིགས་འདུག་པ་བཀྲོལ་ནས་བུད་མེད་དེ་གོས་ཀྱི་འཐུ་བར་བསྙལ། ཁྱོད་རང་ང་ལ་ཕ་དང་བུའི་འདུ་ཤེས་ཞོག ངས་ཁྱོད་ལ་མ་དང་སྲིང་མོའི་འདུ་ཤེས་འཇོག་གསུངས་ནས་བཞུགས།སང་མོ་ལ་ན་བཟའ་ཞིག་བྱིན་ནས་བཏང༌། ཕྱིས་བུད་མེད་དེས་ཡོན་བདག་གི་རྩ་བ་བྱས་གླང་ཐང་ཤར་གྱི་རི་དེའུ་དེའི་ཁར་སྒྲུབ་ཁང་བརྩིགས་ནས་བསྒྲུབ་པ་མཛད།

                                                                                                                                       རྩོམ་སྒྲིག་པ། མང་ར་བ།
            གསལ་འདེབས། 
                      རྩོམ་འདིའི་པར་དབང་ངེད་དགེ་ལུགས་པའི་དྲ་བར་གཏོགས་པས་གང་འདོད་དུ་གཞན་དུ་མི་འགོད་པ་དང་། གལ་ཏེ་འགོད་ན་རྩོམ་ཁུངས་དང་སྦྲེལ་ཐག་གསལ་པོར་དགོད་པར་ཞུ།
                      དྲ་བའི་སྦྲེལ་ཐགhttp://www.tb1025.cn

བརྒྱུད་འགོད།