པོ་ཏོ་བའི་སློབ་མ་དགེ་བཤེས་དོལ་པ་ཤེས་རབ་རྒྱ་མཚོ།

ཡོང་ཁུངས།   ངེད་དགེ་ལུགས་པའི་དྲ་བ།     སྤེལ་དུས།  2017-04-18 11:45:00     རྩོམ་པ་པོ།   ཡོངས་འཛིན་ཡེ་ཤེས་རྒྱལ་མཚན།     ཀློག་ཐེངས།  

47fccc2f0abdb23eba4816aa31078de3_.jpg

              དགེ་བཤེས་དོལ་པ་ནི།ས་མོ་ཕག་གི་ལོ་ལ་ཡབ་དགེ་བཤེས་ལེགས་པའི་རྒྱ་མཚོ་ཟེར་བ་ཐེག་པ་ཆེན་པོ་གསང་སྔགས་ཀྱི་མཁྱེན་པ་ཤིན་ཏུ་ཆེ་བ། མི་གཞི་ཡང་ལེགས་པ་ཞིག་ཡོད་པ་དེ་ལ་སྲས་གཉིས་མངའ་བའི་ཆེ་ཤོས་སུ་འཁྲུངས། གདུང་རོག་སྐྱེངས་པ་ཡིན། བཙས་ནས་ལོ་ལྔའི་བར་དུ་སྐུ་ལུས་ལ་རྟག་ཏུ་འོད་འཁོར་བ་ཞིག་བྱུང༌། ལོ་ལྔ་ལོན་ནས་ཀློག་ཡིག་སློབ་པར་མཛད། དེ་ནས་ལོ་བཅུ་བཞི་ལོན་གྱི་བར་དུ་དགེ་བཤེས་ཆོས་ཀྱི་ལ་མངོན་པ་གསན། དེ་ནས་ལོ་བཅུ་དགུའི་བར་དུ་ཁྱུང་པོ་གྲགས་སེང་ལ་སོགས་པ་ལ་དབུ་ཚད་གསན། དེ་ནས་ཡབ་ལ་རབ་ཏུ་འབྱུང་བར་ཞུས་པས། ངེད་སྔགས་པའི་བརྒྱུད་ཡིན་གསུངས་ནས་མ་གནང༌། ཡང་ཡང་ཞུས་པས་ཁྱོད་རབ་ཏུ་འབྱུང་ན་ཆུང་བ་འདི་ལ་སྔགས་པ་ཞིག་འཚོལ་བ་ལས་འོས་མེད་གསུངས། དེ་ནས་ལོ་ཉི་ཤུ་ལོན་པ་ན་འོན་དུ་ཆོས་འཁོར་ཞིག་གི་དུས་སུ་ལྷོབ་སྟོན་གཤེན་གསུམ་བྱ་བ་འཚོགས་པ་ཡིན་ཏེ། དེ་དུས་སུ་མི་ཆེ་ཤོས་ཡིན། དེར་དགེ་བཤེས་གཤེན་ལ་མཁན་པོ་ཞུས་ནས། སྔ་དྲོ་དགེ་ཚུལ་ཕྱི་དྲོ་དགེ་སློང༌། སྲོད་ལ་སེམས་བསྐྱེད་གནང་སྟེ་ནན་ཏན་བྱེད་ན་དེ་ཙུག་བྱེད་དགོས་པ་ཡིན་བྱ་བའི་ཞལ་ཀྱལ་ཡང་གསུངས། དེ་ནས་རྒྱ་འདུལ་བ་འཛིན་པ་ལ་འདུལ་བ་གསན།

              ལོ་གསུམ་ན་གནས་མལ་གྱི་གཞི་མ་གཏོགས་པ་མདོ་རྩ་བློ་ནས་རྩར་གྱིས་བཤད། དགེ་བཤེས་རྒྱ་གྲོང་འདུལ་མཛད་པས། ངེད་ཟུར་ཆོས་པ་རྣམས་ཀྱིས་དད་ལྡན་རྣམས་ལ་རེ་མོས་ཀྱིས་ཆོས་འཆད་པ་ལ། ངས་ཐེག་ཆེན་རྣམ་འབྱོར་བཤད་པས་དད་ལྡན་རྣམས་དད་པ་སྐྱེས་ནས་ངུ་སྟེ་ང་རང་ལ་ཐིག་པ་གཅིག་ཀྱང་མ་བྱུང༌། ཕྱིས་དགེ་བཤེས་པོ་ཏོ་བའི་གསུང་གི་འཁྲིགས་བཅུག་པས། སྔར་གྱི་དེ་ཇི་ཙུག་སོང་ན་སྙམ་པ་ཞིག་བྱུང་གསུངས། ཡབ་ཀྱི་ཞལ་ནས་ངའི་གྲོགས་པོ་འབྲོམ་སྟོན་གྱི་སློབ་མ་སྒོམ་སློབ་པ་ཞིག་ཡོད་པར་འདུག་པས་དེར་སོང་གསུངས་ཏེ། ངའི་དགེ་བའི་བཤེས་གཉེན་གྱི་ཐོག་མ་ཕ་རྒན་དེར་གྱུར་ནས་འདུག་གསུངས། དེ་ནས་ལོ་ཉི་ཤུ་རྩ་དྲུག་པ་ལ་པོ་ཏོ་བ་སྒྲོ་ལག་དགོན་པ་ན་བཞུགས་པའི་སྤྱན་སྔར་བྱོན། ཇ་དཀོན་པས་ག་བུར་གྱི་ཐང་སྨན་བནྡེ་བཅུ་ལྷག་ཙམ་ལ་དྲངས། ཆོས་གོས་ལིང་བཟང་པོ་ཞིག་ཡོད་པ་ཕུལ་ནས་ཆོས་ཀྱི་ཞུ་བ་བྱས་པས། ཁྱོད་ལམ་ནོར་བ་ཡིན། ལྷ་ས་ན་ཉན་བཤད་ཉི་མ་ཤར་བ་ལྟ་བུ་ཡོད་པ་དེར་མི་སྡོད་པར་ང་ལ་ནི་འཆི་བ་རྗེས་སུ་དྲན་པ་བྱ་བའི་ཆོས་གཅིག་ལས་མེད། དེ་ལ་མགུ་ན་ལོ་བཞི་སྡོད། ཆོས་གོས་འདི་ཡང་ཚོངས་ལ་རྒྱགས་གྱིས་གསུངས་ནས་ཚུར་ལ་གནང༌། དེ་ནས་དགོང་ཆོས་ཀྱི་དུང་བྱུང་ནས་བྱོན་པ་ན་རིན་ཆེན་ཕྲེང་བའི་རྒྱལ་པོའི་ཚུལ་བསྟན་པའི་ལེའུ་ལ་སླེབ་ནས། ཁྱོད་ཀྱིས་མཁྱེན་པར་མཛད་སླད་དང༌། །འགྲོ་བ་ལ་ཡང་བརྩེ་སླད་དུ། །ཁྱོད་ལ་མི་སྙན་ཡང་སྨན་པ། །བདག་ལྟ་གཅིག་པུ་ཏེ་པོར་གསོལ། །ཞེས་པ་དེ་ནས་ཐོས་པ་ཡིན་ཏེ། ཚོགས་ཆོས་ཐོས་པའི་སྔ་ཤོས་འདི་ཡིན་གསུངས། དེ་ཐོན་ནས་མདོ་སྡེ་རྒྱན་ཞིག་གསུངས། དེ་དུས་ཚོགས་བསྡུས་ནས་ལོ་གསུམ་ལོན་ནས་འདུག །གྲྭ་པ་སུམ་ཅུ་ཙམ་བཞུགས་ཀྱི་འདུག་པ་ལ་ལྐོག་ཆོས་ཁྲིད་པ་གསུམ་བཞི་ཙམ་ལས་ཡོད་ཡོད་མི་འདྲ། ཐུགས་མ་མཉེས་ཙ་ན་ཁྱེད་ལེགས་པར་བྱེད་ན་གྱིས། མི་བྱེད་ན་ང་ལ་བློ་མི་བདེ་བ་གསུམ་བཞི་ཙམ་ལས་མེད་དོ་གསུང་གི་འདུག །

              དེ་ནས་དབྱར་གནས་ཀྱི་དུས་ལ་བབ་ནས་ཡོན་ཤེ་ལ་ཞུ་སྣ་བཅོལ་ནས་དབྱར་འདིའི་བྱ་བ་ཞུ་བའི་གནས་ཀྱི་སློབ་དཔོན་ཞིག་ཀྱང་ཞུ་ཞུས་པས། ཇི་ལྟ་བུའི་ཡོན་ཤེ་ཡང་འོང་བ་གསུངས་ནས་བཞེངས་ནས་བཞུད། ཐུགས་མ་དགྱེས་པས་མ་ལེགས་པ་བྱས་སྙམ་པ་ན། སང་དགོང་དེ་འདིར་ཤོག་གསུངས་ནས་བྱོན་པས། ཇོ་བོ་སྟོན་པ་ང་ལ་གནས་ཀྱི་སློབ་དཔོན་ཞུ་ཟེར་ཏེ་ད་ལྟ་གནས་ཀྱི་སློབ་དཔོན་མཚན་ཉིད་དང་ལྡན་པ་མེད། རྭ་སྒྲེང་གི་ཤུག་པའི་གསེབ་དེར་དགེ་བཤེས་སྟོན་པ་གནས་ཀྱི་སློབ་དཔོན་དུ་འོས་པ་ཞིག་བྱུང་བ་ཡིན་ཏེ། སུས་ཀྱང་གནས་མ་བཅས་པར་སྐུ་གཤེགས་སོ། །བཅོམ་ལྡན་འདས་ཀྱིས་གནས་དྲན་པ་ཉེ་བར་བཞག་པ་བཞི་ལ་ཆོས་ཤིག་གསུངས་པས།འུ་ཅག་ཀྱང་དེ་ལ་གནས་འཆའ་དགོས་པ་ཡིན་གསུངས།དོལ་པ་ཉིད་ཀྱི་ཞལ་ནས། ངས་པོ་ཏོ་བའི་གསུང་དེ་སྐད་གཞན་དག་ལ་བཟླས་པས་གནས་དགེ་བསྙེན་ལ་འཆའ་འམ་སྙམ་སྟེ། ཚེ་འདི་ཕྱི་ཐམས་ཅད་ཀྱི་མདུན་མ་དེ་ལ་བལྟོས་པས་གནས་སུ་ངེས་པར་འོང་བ་ཡིན་གསུངས།སྤྱན་སྔའི་ཞལ་ནས་ཀྱང༌། ངའི་དོན་གྱི་མཁན་པོ་དགེ་བསྙེན་རྒན་པོ་དེར་འདུག་བྱ་བ་གསུངས། དགེ་བཤེས་དོལ་པས་ཆོས་ལ་འཕྲིག་བག་རེ་རྙེད་པས། སྔར་གྱི་ཆོས་ཐམས་ཅད་ཀྱི་གོ་མི་ཆོད་པར་གོ །ཕྱི་མ་ཕན་ཆད་གལ་ཆེ་བའི་བློ་བག་རེ་བྱུང་བས། ཨན་རེ་བསམ་སྙམ་པ་མིན་པ་བཤད་སྙམ་པ་མེད་པས་དཔེ་དང་ཡིག་སྣ་ཀུན་ཀྱང་མི་ལ་བྱིན། ཀ་པ་ལི་རང་སྟོང་པར་བཞག་གསུངས། དེ་བས་ན་དགེ་བའི་བཤེས་གཉེན་དགོས་སྙམ་པ་ཞིག་བྱུང་གསུངས། དགེ་བཤེས་དེ་དང་མ་ཕྲད་ཀྱི་རིང་ལ་ངེད་གླེན་པ་ཆེན་པོར་འདུག །རབ་ཏུ་བྱུང་དགེ་བའི་བཤེས་གཉེན་དེ་དང་མཇལ་བས། བདེ་སྐྱིད་སྙན་གྲགས་ཐམས་ཅད་ངེད་ཆེ་གསུངས། ལོ་ཉི་ཤུ་རྩ་གཉིས་སུ་པོ་ཏོ་བའི་དྲུང་དུ་བསྡད་པ་ཡིན་ཏེ། དེས་ངོམས་པའམ་ཆོག་སྙམ་པ་ཡེ་མ་བྱུང་གསུངས།

              དགེ་བཤེས་དོལ་པ་ཆེན་པོས་དབྱར་དགུན་པོ་ཏོ་བའི་སར་བཞུགས་ནས། སྟོན་དཔྱིད་སྐུ་མཆེད་གཉིས་པོའི་སྤྱན་སྔར་རེ་མོས་སུ་བཞུགས། དེ་ནས་པོ་ཏོ་བ་བྱ་ལོའི་དབྱར་གནས་ཀྱི་ཟླ་བའི་གནམ་སྟོང་ལ་མྱ་ངན་ལས་འདས་ནས་དབྱར་དེར་བཞུགས།སྟོན་ཆོད་པ་དང་ཚུར་བྱོན་ནས་དཔོན་གཡོག་བཅུ་ཙམ་ཆུ་སྣ་དགོན་པར་བཞུགས། ཚུར་འབྱོན་ཁར་ཁམས་པ་ལུང་པ་ལ་ཡང་ཆོས་འབྲེལ་གསན། དེ་ནས་དཔོན་འཕགས་པས་དཔྱིད་ལ་གང་དུ་སྤྱན་དྲངས་ཏེ་ཕུལ། ཁྱི་ལོ་ལ་ཡ་གད་བཟུང་སྟེ་ལོ་གཉིས་སུ་གཞུང་མ་གསུངས་པར་སྟོང་ཐུན་སྐྱ་རེ་མ་ཆག་པར་གསུངས། དེ་ནས་འཁོར་རྣམས་ཀྱིས་ཞུས་ནས།དང་པོར་སློབ་མ་ལ་སྤྲིངས་པ་ཞིག་གསུངས། དེ་ནས་བེའུ་བུམ་སྔོན་པོ་གྲགས་པ་འདི་གསུངས་ཏེ་དགེ་བཤེས་དེའི་ཞལ་ནས། རང་གི་རྒྱུད་ལ་ཅི་ཕན་བྱ་བའི་ཆེད་དུ་འཕངས་འཕངས་རྣམས་བརྗེད་ཀྱིས་དོགས་ནས་བྲིས་པ་ཡིན། བཤད་པའི་གོ་ཆ་མ་བྱས། གོ་ཆ་བྱས་ན་དབྱར་དགུན་རེའི་ཆོས་གསུངས་ཚོད་རྣམས་བཟུང་ཡང་ཟད་པ་མེད་པ་འོང་སྟེ། གཅིག་པུར་སྡོད་དགོས་སྙམ་ནས་ཁ་ཡར་བྲིས་ནས་ཡོད་པ་ལ་དགེ་བཤེས་ཕོ་བྲང་སྡིངས་པས་དཔེ་ཆོས་དེ་བསྡེབས་འདུག་པ་གསན་པས། འོ་ན་ངའི་དེ་རྣམས་ཀྱང་ལྷན་ཅིག་ཏུ་བསྡེབས་ན་གཞན་ལ་ཕན་པ་སྲིད་དམ་སྙམ་ནས་ཡ་གད་དུ་བསྡེབས་པ་ཡིན་ཏེ།རྩོམ་ཡང་ལེགས་པ་ཞིག་བྱུང༌། དེ་ནས་དགུན་བེའུ་བུམ་གསུངས་པར་དགོངས་པ་ལ་ཇོ་མོ་དཔེ་མོ་ཕྱ་བ་ན་རེ། དགེ་བཤེས་ལ་རྨི་ལམ་ངན་པ་ཞིག་བྱུང་དགེ་བཤེས་ཀྱི་ནང་ཁྲོལ་ཡིན་ཟེར་བ་ཞིག་དོལ་ལུང་བ་ལ་འགྱེད་ཀྱིན་སྣང་ཟེར་བ་ཞིག་རྨིས་ཟེར་བས། ནང་ཁྲོལ་ཞིག་ནི་འགྱེད་ཉེན་ཡོད་དེ། སྐུ་རིམ་མི་དགོས་གསུངས་ནས་དགུན་དེ་ནས་གསུངས་པར་མཛད་དེ་འགྲོ་བ་དཔག་ཏུ་མེད་པའི་དོན་མཛད་དོ། །དགེ་བཤེས་ཤ་ར་བའི་ཕྱག་ཏུ་བེའུ་བུམ་འདི་བྱོན་པས་དགེ་བཤེས་དེ་བསྟན་བཅོས་རྩོམ་པའི་འབྲིང་ཚད་དུ་སྐྱོལ་ནས་འདུག་གསུངས་ཏེ་ཚར་གཅིག་བཞེངས་པར་མཛད།

              སློབ་དཔོན་དོན་སྟེང་བའི་ཞལ་ནས། ང་ཡང་འདི་གཅིག་ཐོས་པར་འདོད་པས་གདུངས་ནས་ཡོད་ཙ་ན་དཔྱིད་ཅིག་གསུངས་ཟེར་བ་ཐོས་ནས་ཡ་གད་དུ་ཕྱིན་པས་དེའི་ནུབ་མོ་རྡོ་རྗེ་གདན་དུ་ཕྱིན་པ་ཞིག་རྨིས། དེ་ནས་དགེ་བཤེས་དེའི་གསུང་གིས་བྱིན་གྱིས་བརླབས་པས་ཕན་པར་བྱུང་ནས་དགེ་བཤེས་ལ་སྨན་པར་མཆི་བར་གདའ་ཞུས་པས། གཅིག་པུར་སྡོད་ན་འདིས་དགེ་བཤེས་བཏུབ་པ་ཡིན་གསུངས། གཞན་ཡང་དགེ་བའི་བཤེས་གཉེན་འདི་ཇོ་བོ་ཉིད་ཀྱིས་ཀྱང་ལུང་བསྟན། སྐྱེ་བ་བདུན་པའི་རྟགས་དང་ལྡན། བླ་མ་རྣམས་ཀྱིས་ཇི་སྐད་བསྟན་པ་བཞིན་ཐུགས་ལ་འཁྲུངས། བདེ་བར་གཤེགས་པ་མང་པོའི་ཞལ་གཟིགས། མངོན་པར་ཤེས་པ་རྒྱ་ཆེན་པོ་མངའ། དེ་ཡང་སྙེ་ཐང་འོར་དུ་རབ་གནས་ཤིག་ལ་སྤྱན་དྲངས་པའི་ཚེ་སྟོད་ལུང་པའི་བཙུན་ཆུང་གཉིས་ཀྱིས་སེམས་བསྐྱེད་ཞུ་སྙམ་ནས་ཡང་ཡང་བརྩམས་པ་ལ། དགེ་བཤེས་མི་མང་པོས་གཡེངས་ནས་ཞུ་བའི་སྐབས་མ་བྱུང་བས།ཐུགས་ཀྱིས་མཁྱེན་ནས་ཁྱེད་རང་གྲབས་ཀྱིས། ཚར་བ་དང་ང་བོས་གསུངས། ཇོ་སྟན་མངའ་རིས་པས་ཡི་གེ་དྲུག་པ་ལི་མ་དེ་སྤྱན་དྲངས་ནས་བྱོན་པ་དགེ་བཤེས་དོལ་པས་ཡེ་མ་གསན་པ་ལ། ཁོང་དོལ་པའི་གཟིམ་ཁང་དུ་བྱོན་ནས་ཕྱག་བྱ་བར་བརྩམས་པས། སྔོན་ལ་ལྷ་ཚུལ་སྤྱན་དྲོངས་གསུངས་ནས་མངོན་ཤེས་ཀྱིས་མཁྱེན། བཟང་ཡུལ་དུ་བྱོན་པའི་དུས་ན་ལྕེ་དྭལ་སྒང་པའི་ཞལ་ནས། ང་ལ་སྔར་བས་སྒོམ་བཟང་པ་ཞིག་སྐྱེས་པ་ལ། ཅིའི་ཕན་ཡོན་ཡིན་སྙམ་པ་ན་དགེ་བཤེས་དོལ་པ་དེར་བྱོན་པ་གཟིགས་པས་ཁོང་གི་བྱིན་རླབས་ཡིན་གསུངས་ནས་བསྙེན་བཀུར་ཆེ་བར་མཛད། ཕྱིས་ཀྱང་དེར་བྱོན་པའི་དུས་ན་དེ་ཁོ་ན་བཞིན་དུ་བྱུང་བས་དད་གུས་ཤིན་ཏུ་ཆེ་བར་མཛད་གསུངས། དགེ་བཤེས་མོན་བུ་ཆུང་བའི་ཞལ་ནས། དགེ་བཤེས་ཡ་གད་པ་དེ་རིང་འདི་ན་ཡར་ལ་འབྱོན་པར་འདུག མདངས་ཆོས་བསམ་དུ་བཏུབ་པ་ཞིག་བྱུང་གསུངས་ནས། དགེ་བཤེས་དཔོན་གཡོག་འབྱོན་པ་ལ་བྱ་ར་མཛད་དེ། མོན་བུ་ཆུང་གི་ལུང་པའི་མདོར་ཕེབས་པ་ན་བཟང་སྤོས་མང་པོ་བསྲེགས་ནས་གསོལ་བ་འདེབས་པ་ཡིན་གསུངས།གཞན་ཡང་དགེ་བཤེས་འདི་མཐོང་བ་དང༌། གསུང་ཐོས་པ་དང༌། དྲན་པ་ཙམ་གྱིས་ཀྱང་གཞན་གྱི་ཉོན་མོངས་པའི་གཉེན་པོར་འགྲོ་བ་ཞིག་ཡོད་པ་ཡིན་གསུངས་ཏེ། ལྷོར་བྱོན་པའི་དུས་རྒན་པོ་ཞིག་ན་རེ། ཕ་སྤུན་ཞིག་གིས་ཅི་བྱེད་པ་བྱེད་དུ་མ་སྟེར། དུག་བཏང་ནས་བསད་སྙམ་པ་ལགས་ཏེ་ཁ་སང་ཁྱེད་དང་མཇལ་བས་བསམ་པ་དེ་ལོག ད་ངན་བུ་ལ་བཟའ་ཁྲིམས་ཤིག་དང་སྲོག་གཅོད་ཀྱི་སྡོམ་པ་ཞིག་ཞུ་ཟེར་བ་ལ། ཁོ་ཅི་ལ་གསོད་ཁྱོད་རང་གིས་སྐྱེ་བ་སྔ་མ་ལ་ཁོ་ལ་གནོད་པ་བྱས་པའི་རྟགས་ཡིན་གསུངས་ནས། ཕམ་ཕབས་ཤིག་དང་བཟའ་ཁྲིམས་གནང༌།

              ཡང་བུད་མེད་གཅིག་ན་རེ། ངན་བུ་ལ་བུ་ནོར་རུང་ཞིག་བདོག་པ་ཁོང་གིས་བསད་ནས་ཞེ་སྡང་ཆེན་པོ་སྐྱེས་པ་ལ་ཁ་སང་ཁྱེད་མཐོང་བས་ཆུང་དུ་ཐལ། མི་ཀུན་ན་རེ་སྐྱེ་བ་བདུན་པའི་བྱང་ཆུབ་སེམས་དཔའ་ལགས་ཟེར་ན་ལགས་སམ། ངན་བུ་ལ་བཟའ་ཁྲིམས་ཤིག་ཀྱང་ཞུ་ཟེར་བ་ལ། མ་རྒན་སྐྱེ་བ་བདུན་པ་མི་འདྲ་བ། འུ་ཅག་བཟའ་ཁྲིམས་ཤིག་བྱ་དགོས་གསུངས་ནས་བུའི་མྱ་ངན་སེལ་བའི་གདམས་ངག་དང་བཟའ་ཁྲིམས་གནང༌། དེ་ལྟར་དགེ་བཤེས་དོལ་པ་མཚན་དངོས་ཤེས་རབ་རྒྱ་མཚོ། ཡ་གད་པ་ཞེས་ཀྱང་གྲགས་པ་དེ་དགུང་ལོ་ཉི་ཤུ་རྩ་དྲུག་ཏུ་ཚོགས་དཔོན་མཛད་དེ་འགྲོ་བ་དཔག་ཏུ་མེད་པ་སྨིན་པར་མཛད་ནས་སྨིན་དྲུག་གི་ཟླ་སྨད་ལ་གྲར་ཕེབས་དུས་སྐུ་ཁམས་ཅུང་ཟད་བསྙེལ་ནས་ཡར་བྱོན། ཟླ་བ་ཕྱི་མ་ལ་ཆོས་ཆེན་པོ་ཞིག་འཆད་དེ་འདི་རྣམས་ཀྱིས་མི་གོ་ཉེན་ཡོད་གསུངས། སྐུ་གཤེགས་ཁར་དགུན་དེ་ཆོས་ཆེན་པོ་ཞིག་འཆད་དེ་ཁྱེད་ཀྱིས་མི་གོ་བར་གདའ་གསུངས་པ་ལ།གཞན་གྱིས་མ་གོ་བར། བེའུ་བུམ་གསུང་ངམ། བསླབ་བཏུས་གསུང་ཟེར། དགེ་བཤེས་དོལ་པའི་གསུང་དེ་ཐོས་པ་ཙམ་གྱིས་ཀྱང་བློ་སྣ་བསྒྱུར་ནུས་པ་ཞིག་ཡོད་པར་གསུངས། དེ་ལྟར་བསྟན་འགྲོའི་དོན་རྒྱ་ཆེར་མཛད་ནས་དགུང་ལོ་དོན་གསུམ་པ་ལྕགས་མོ་ཕག་གི་ལོ་དགུན་ཟླ་འབྲིང་པོའི་ཚེས་བདུན་གྱི་དྲོ་ཐོན་པ་ན་ཡ་གད་ཉིད་དུ་སྐུ་གཤེགས་སོ། །

                                                                                                                                    རྩོམ་སྒྲིག་པ། མང་ར་བ།
               གསལ་འདེབས། 
                       རྩོམ་འདིའི་པར་དབང་ངེད་དགེ་ལུགས་པའི་དྲ་བར་གཏོགས་པས་གང་འདོད་དུ་གཞན་དུ་མི་འགོད་པ་དང་། གལ་ཏེ་འགོད་ན་རྩོམ་ཁུངས་དང་སྦྲེལ་ཐག་གསལ་པོར་དགོད་པར་ཞུ།
                       དྲ་བའི་སྦྲེལ་ཐགhttp://www.tb1025.cn

བརྒྱུད་འགོད།