པོ་ཏོ་བའི་སློབ་མ་དགེ་བཤེས་ཕོ་བྲང་སྡིང་པ།

ཡོང་ཁུངས།   ངེད་དགེ་ལུགས་པའི་དྲ་བ།     སྤེལ་དུས།  2017-04-18 11:38:45     རྩོམ་པ་པོ།   ཡོངས་འཛིན་ཡེ་ཤེས་རྒྱལ་མཚན།     ཀློག་ཐེངས།  

04642dba4a605b9a3de44f9453264b88_.jpg

              དེ་ལ་དགེ་བའི་བཤེས་གཉེན་ཕོ་བྲང་སྡིང་པ་ནི། གདུང་གཉོས་འཁྲུངས་ཡུལ་གྲབ་པ། མཚན་གཞོན་ནུ་འོད། དགེ་བཤེས་པོ་ཏོ་བ་ཡུན་རིང་དུ་བསྟེན་པ་ཡིན་ཏེ། དབྱར་དགུན་ཅུང་ཟད་མ་གཏོགས་ཞལ་མཇལ་ནས་མྱ་ངན་ལས་མ་འདས་བར་དུ་ཞབས་དྲུང་དུ་བཞུགས་ནས་ཅི་མཛད་ཐམས་ཅད་ལ་ཡོན་ཏན་དུ་འཛིན་པ་ལས་མི་མཐུན་པར་འཛིན་པར་བྱེད་མ་མྱོང་བའི་སྐྱེས་བུ་དེ་ལ་པོ་ཏོ་བ་མྱ་ངན་ལས་འདའ་ཁར་ཁྱོད་ཀྱང་བཅུ་བཅོ་ལྔ་ཙམ་དང་འགྲོགས། གཅིག་པུར་བསྡད་ན་བྲ་བ་བཞིན་དུ་དགྲས་འཁྱེར་རོ་གསུངས། དགེ་བཤེས་པོ་ཏོ་བའི་གདམས་པ་མ་ལུས་པ་ཐུགས་སུ་ཆུད། ཁྱད་པར་ཆོས་གསུངས་པ་ཐམས་ཅད་དཔེ་སྣ་ཚོགས་དང་སྦྱར་ནས་གསུངས་པ་ལ་ངོ་མཚར་སྐྱེས་ནས་ཕོ་བྲང་སྡིང་པས་དགེ་བཤེས་པོ་ཏོ་བ་ལ་དཔེ་རྣམས་ཕྱོགས་གཅིག་ཏུ་བསྡེབས་པར་ཞུས་པས། དར་ཅིག་ཐུགས་དགོངས་མཛད། དེ་ནས་འོ་ན་བྱེད་ན་ཡང་གྱིས་གསུངས་པས། ཕོ་བྲང་སྡིང་པས་དཔེ་རྣམས་ཕྱོགས་གཅིག་ཏུ་དང་པོར་བསྡེབས་པ་ལ། པོ་ཏོ་བ་མཁར་ཐོག་ན་བཞུགས་པའི་དུས་སུ། གནས་བརྟན་རྒྱ་ལེ་འབར་བྱ་བས་བཤེས་གཉེན་པས་གསུངས་པའི་དཔེ་ཆོས་འདི་རྣམས་ལ་ཉམས་སུ་ལེན་པའི་གོ་རིམ་ཞིག་གསུངས་བར་ཞུ་ཞུས་ནས་གསུངས་པ་དགེ་བཤེས་བྲག་དཀར་པས་ཐུགས་ལ་བཟུང་སྟེ། པོ་ཏོ་བ་གཤེགས་ནས་ལོ་དྲུག་ལོན་པ་ན་དགེ་བཤེས་བྲག་དཀར་བས་གྲབ་པ་ཅན་དུ་བྱོན་ནས། དགེ་བའི་བཤེས་གཉེན་གྱིས་གསུངས་པའི་དཔེ་ཆོས་འདི་ལ་ཞུ་གཏུགས་འདྲ་དགོས་པར་བདོག་པས་དཔེ་ཆོས་ཚར་གཅིག་ཞུ་ཞུས་པས་གྲབ་པའི་ཞལ་ནས། ཁྱེད་རང་དགེ་བཤེས་པོ་ཏོ་བའི་དྲུང་དུ་བཞུགས་ཡུན་ང་བས་རིང་ན་དཔེ་ལ་ཁྱེད་རང་མཁས་པ་མིན་ནམ་གསུངས་པ་ལ། ཧ་ཅང་ནན་ཏན་མ་བྱས་ཞུས་པས་གྲབ་པས་བྲག་དཀར་བ་ལ་ཚར་གཅིག་གསུངས།

              དེ་ནས་ཁོང་ལ་རྟོགས་པ་གསར་པ་འཁྲུངས་ཏེ་ཐོག་མར་གནས་བརྟན་རྒྱ་ལེ་འབར་ལ་དཔེ་ཆོས་རྒྱས་པ་ཞིག་གསུངས། དེ་ནས་གྲབ་པས་བསྡེབས་པའི་གཞུང་ལ་བརྟེན། ཁོང་གི་དེ་ན་མ་ཚང་བ་ཀུན་བསྣན། ཟུར་མ་ཐོན་པ་ཀུན་གསལ་བར་བྱས་གོང་འོག་འཁྲུགས་པ་ཀུན་སོ་སོར་བསྡེབས། བག་ཙམ་བཅོས་ཏེ་གྲབ་པའི་དེ་བས་ཀྱང་ཟབ་ལ་རྒྱ་ཆེ་བའི་དཔེ་ཆོས་མཛད། དགེ་བཤེས་བྲག་དཀར་བ་ལ་སློབ་དཔོན་འཕན་ཡུལ་བ་བྱང་ཆུབ་སྣང་བས་གསན། དེ་ལ་རྟ་ནག་མདའ་རུ་འཁྲུངས་པའི་ལྕེ་སྒོམ་རྫོང་པ་ཤེས་རབ་རྡོ་རྗེས་གསན་ཞིང་གོ་བདེ་བར་ཡང་བཅོས་ནས་གཞན་ལ་དར་བར་མཛད་དོ། །དགེ་བཤེས་གྲབ་པས་གྲབ་གནས་གསར་དང་ཕོ་བྲང་སྡིང་བཏབ། གྲྭ་པ་བཞི་བརྒྱ་ཙམ་འདུས། དགུང་ལོ་རེ་ལྔ་པ་ལ་གྲབ་གནས་གསར་དུ་གཤེགས།

                                                                                                                                          རྩོམ་སྒྲིག་པ། མང་ར་བ།
            གསལ་འདེབས། 
                      རྩོམ་འདིའི་པར་དབང་ངེད་དགེ་ལུགས་པའི་དྲ་བར་གཏོགས་པས་གང་འདོད་དུ་གཞན་དུ་མི་འགོད་པ་དང་། གལ་ཏེ་འགོད་ན་རྩོམ་ཁུངས་དང་སྦྲེལ་ཐག་གསལ་པོར་དགོད་པར་ཞུ།
                      དྲ་བའི་སྦྲེལ་ཐགhttp://www.tb1025.cn

བརྒྱུད་འགོད།