འདུལ་བའི་སྡེ་སྣོད་ཀུན་འཛིན་ཐག་མ་བའི་རྣམ་ཐར།

ཡོང་ཁུངས།   ངེད་དགེ་ལུགས་པའི་དྲ་བ།     སྤེལ་དུས།  2017-04-13 21:56:59     རྩོམ་པ་པོ།   ཡོངས་འཛིན་ཡེ་ཤེས་རྒྱལ་མཚན།     ཀློག་ཐེངས།  

4b2bcb31174b04654a187c05e367115b_.jpg

              འདུལ་བའི་སྡེ་སྣོད་ཀུན་འཛིན་ཐག་མ་བ། ཞེས་བསྔགས་པ། དགེ་བཤེས་སྣེའུ་ཟུར་བའི་ཐུགས་སྲས་འདུལ་འཛིན་ཆེན་པོ་ཐག་མ་བ་ནི། སྐུ་གཞོན་ནུའི་དུས་ནས། སྤྱིར་འཁོར་བའི་ཆོས་ཐམས་ཅད་ལ་ཞེན་པ་ལོག་ཅིང༌། ཁྱད་པར་ཁྱིམ་གྱི་གནས་ནི་ཉོན་མོངས་པ་དང་ཉེས་པར་སྤྱོད་པ་མང་པོའི་འབྱུང་གནས་སུ་མཐོང་ནས་ཁྱིམ་ནས་ཁྱིམ་མེད་པར་རབ་ཏུ་བྱུང༌། སྤྱིར་སྡེ་སྣོད་གསུམ་ག་ལ་སྦྱངས་ཤིང༌། ཁྱད་པར་འདུལ་འཛིན་ཆེན་པོ་ཤ་མི་སྨོན་ལམ་ཚུལ་ཁྲིམས་ཚུལ་བཞིན་དུ་བསྟེན་ཏེ་འདུལ་བ་ལུང་སྡེ་བཞིའི་ཚིག་དོན་མཐའ་དག་ལ་མཁས་པར་བསླབས། འདུལ་བ་ནས་ཇི་ལྟར་གསུངས་པའི་བཅས་མཚམས་ཕྲ་རགས་ཐམས་ཅད་ཕྱག་ལེན་ལ་བཏབ་སྟེ་ཚུལ་བཞིན་དུ་བསྲུང་བར་མཛད་པས་འདུལ་འཛིན་ཆེན་པོར་གྲགས།

              དགེ་བའི་བཤེས་གཉེན་སྣེའུ་ཟུར་བའི་ཞབས་དྲུང་དུ་བྱོན་ནས་སྣེའུ་ཟུར་པ་བསམ་སྦྱོར་གཉིས་ཀྱིས་ཚུལ་བཞིན་དུ་བསྟེན་ཏེ་དུས་གསུམ་གྱི་སངས་རྒྱས་ཐམས་ཅད་ཀྱི་བགྲོད་པ་གཅིག་པའི་ལམ་པོ་ཆེ་བྱང་ཆུབ་ལམ་གྱི་རིམ་པའི་ཁྲིད་ཡོངས་སུ་རྫོགས་པར་གསན་དེ་ཉམས་སུ་བླངས་ནས་མྱོང་བ་ཐོན་པར་མཛད། སྐལ་བ་དང་ལྡན་པ་གཞན་དག་ལའང་རྒྱ་ཆེར་སྤེལ་ཞིང་སྟོད་ལུང་ཐག་མ་བཟུང་ནས་འདུལ་བའི་བཤད་སྲོལ་རྒྱ་ཆེར་སྤེལ་བས་རང་གི་དབོན་རྒྱུད་ཐག་མ་བ་ཕྱི་མ་དཔལ་ཆེན་རྡོར་གཞོན་དང་འདུལ་འཛིན་ཆེན་པོ་སྦལ་ཏི་ཇོ་སྲས་ལ་སོགས་པའི་འདུལ་འཛིན་མཁས་པ་མང་དུ་བྱུང་ཞིང༌། ཁྱད་པར་སྤྲུལ་པའི་སྐྱེས་མཆོག་སངས་རྒྱས་དབོན་གྱིས་ཀྱང་འདིའི་ཞབས་ལ་གཏུགས་ཏེ་འདུལ་བ་མཁས་པར་བསླབས་ནས་སྐལ་བ་དང་ལྡན་པ་བགྲང་བ་ལས་འདས་པ་ལ་འདུལ་བ་རྒྱ་ཆེར་སྤེལ་བས་འདུལ་བའི་བཤད་སྲོལ་གྱི་འཕྲིན་ལས་ཆེར་བྱུང་བས་རྗེ་བདག་ཉིད་ཆེན་པོས་ཀྱང༌། འདུལ་བའི་སྡེ་སྣོད་ཀུན་འཛིན་ཐ་མ་བ། །ཞེས་བསྔགས་པ་མཛད་དོ། །

              འདུལ་འཛིན་ཐག་མ་བ་འདིའི་མཚན་དངོས་ནི་ཀ་བ་དར་སེང་ཞེས་བྱ་ལ། འདུལ་འཛིན་ཐག་མ་བ་ནས་བརྒྱུད་པའི་ལམ་རིམ་གྱི་ཁྲིད་ཀ་ནི་ལྷོ་བྲག་ཕྱོགས་སུ་རྒྱ་ཆེ་འཕེལ་ཏེ་ལྷོ་བྲག་མཁན་ཆེན་ནམ་མཁའ་སེང་གེས་འདུལ་འཛིན་ཐག་མ་བའི་ཞབས་ལ་གཏུགས་ཏེ་དགོན་པ་བ་ནས་བརྒྱུད་པའི་ལམ་རིམ་གྱི་ཁྲིད་རྫོགས་པར་གསན། མཁན་ཆེན་ནམ་མཁའ་སེང་གེས། མཁན་ཆེན་ནམ་མཁའ་རྒྱལ་པོ་ལ་གནང༌། དེས་མཁན་ཆེན་སེང་གེ་བཟང་པོ་ལ་གནང༌། དེས་མཁན་ཆེན་རྒྱལ་སྲས་བཟང་པོ་ལ་གནང༌། དེས་ལྷོ་བྲག་གྲུབ་ཆེན་ནམ་མཁའ་རྒྱལ་མཚན་ལ་གནང་སྟེ། ལྷོ་བྲག་མཁན་ཆེན་ནམ་མཁའ་སེང་གེའི་རྣམ་ཐར་ནི་ད་ལྟ་ཉིད་དུ་འཆད་ལ། མཁན་ཆེན་ནམ་མཁའ་རྒྱལ་པོ་ནས་ལྷོ་བྲག་གྲུབ་ཆེན་གྱི་བར་བླ་མ་བཞི་པོ་འདིའི་རྣམ་ཐར་ནི་འོག་ཏུ་དགེ་བཤེས་སྤྱན་སྔ་བ་ནས་བརྒྱུད་པའི་བཀའ་གདམས་གདམས་ངག་པའི་བླ་མ་རྣམས་ཀྱི་རྣམ་ཐར་འཆད་པའི་སྐབས་སུ་འཆད་དོ། །

              འདུལ་འཛིན་ཐག་མ་བ་འདིའི་རྣམ་ཐར་རྒྱས་པ་མ་མཐོང་བས་སླར་རྙེད་ན་འདིར་བསྣན་པར་བྱའོ། །དེས་ན་བྱང་ཆུབ་ལམ་རིམ་ལ་བློ་སྦྱོང་བར་འདོད་པ་རྣམས་ཀྱིས་འདུལ་འཛིན་ཐག་མ་བའི་རྣམ་ཐར་དྲན་པར་བྱས་ལ་གསོལ་བ་གདབ་པ་དང༌། བྱང་ཆུབ་ལམ་རིམ་ལ་བློ་སྦྱོང་བའི་ཚེ་འདུལ་བའི་བཅས་མཚམས་ཡལ་བར་དོར་ནས་ཆོས་གཞན་ཞིག་ལ་བློ་སྦྱོང་བ་སྐད་བྱེད་པ་རྩ་བ་མེད་པའི་ཡལ་ག་འཚོལ་བའི་ངལ་བ་མི་བྱ་བར། བསྟན་པའི་རྩ་བ་འདུལ་བའི་བསླབ་བྱ་ལ་ནན་ཏན་དུ་བྱས་ནས་ལམ་གྱི་རྩ་བ་ཚུགས་པ་ཞིག་བྱའོ།། །།

                                                                                                                                 རྩོམ་སྒྲིག་པ། མང་ར་བ།
            གསལ་འདེབས། 
                     རྩོམ་འདིའི་པར་དབང་ངེད་དགེ་ལུགས་པའི་དྲ་བར་གཏོགས་པས་གང་འདོད་དུ་གཞན་དུ་མི་འགོད་པ་དང་། གལ་ཏེ་འགོད་ན་རྩོམ་ཁུངས་དང་སྦྲེལ་ཐག་གསལ་པོར་དགོད་པར་ཞུ།
                     དྲ་བའི་སྦྲེལ་ཐགhttp://www.tb1025.cn

 

བརྒྱུད་འགོད།