དགེ་བའི་བཤེས་གཉེན་སྣེའུ་ཟུར་བའི་རྣམ་ཐར་གསུམ་པ།

ཡོང་ཁུངས།   ངེད་དགེ་ལུགས་པའི་དྲ་བ།     སྤེལ་དུས།  2017-04-11 21:34:30     རྩོམ་པ་པོ།   ཡོངས་འཛིན་ཡེ་ཤེས་རྒྱལ་མཚན།     ཀློག་ཐེངས།  

04642dba4a605b9a3de44f9453264b88_.jpg

             ལན་ཅིག་མུ་གེ་ཆེ་བ་ཞིག་བྱུང་བས་བཤོས་དེ་གསོལ་བ་བཞིན་མཛད་ནས་ན་བཟའི་ཕག་ཏུ་སྦས་ཏེ་སྤྲང་པོ་རྣམས་ལ་བྱིན་པས་སྤྲང་པོ་མང་པོའི་རྒྱགས་བྱུང༌། སྐུ་ཤ་ནག་རིད་ཀྱིས་སོང་བའི་དུས་སུ་གླང་ཐང་པ་དེ་ཕྱག་ཕྱི་ལ་བྱོན་པའི་ཞལ་རས་ཟླ་བ་ཤར་བ་བཞིན་གདའ་བས། རིན་པོ་ཆེའི་ཞལ་ནས། བྱང་ཆུབ་སེམས་དཔའ་བྱ་དཀའ་བའི་སྦྱིན་པ་བྱར་ཡོད་པའི་དུས་སུ། རྒྱགས་ཚད་ཁྱོད་རང་གིས་ཟོས་ནས་ཁྱོད་ལ་བསམ་རླག་ཉམ་པོ་ཆེ་ཟེར་བ་ཡིན་གསུངས་ནས་བཀྱོན་པས། གླང་རི་ཐང་པ་འདར་ཕྲི་ལི་ལི་བྱུང་ཞེས་གྲག སྣེའུ་ཟུར་པ་འདི་ཁྲོ་བོའི་དབང་པོ་མི་གཡོ་བ་ལ་བསྙེན་སྒྲུབ་མཐར་ཕྱིན་པ་ཞིག་ཡིན་པས་ལྷ་འདིའི་སྒོ་ནས་འགྲོ་དོན་མཛད་པ་ལ་ནུས་པ་ཐོན་པ་ཞིག་སྟེ། དགེ་བཤེས་པདྨ་བྱང་ཆུབ་བྱ་བ་ལ་ཀླུའི་གནོད་པ་བྱུང་ནས། ཁོང་གི་སྣང་བ་ལ་སྦྲུལ་གཅིག་ཐོད་བཞིན་དུ་དཀྲིས་ནས་སྦྲུལ་མགོ་དེ་དཔྲལ་བའི་སྟེང་ན་གདེངས་ཀ་བཞིན་ཡོད་པ་མིས་མཐོང་གི་དོགས་ནས་བཀབ་སྟེ་སྣེའུ་ཟུར་བའི་སྤྱན་སྔར་འོངས་པས། དེ་ང་དང་ཁྱོད་རང་མིན་པ་གཞན་གྱིས་མི་མཐོང༌། སྦེད་མི་དགོས། ད་ང་དེའི་སྟེང་དུ་སྒོམས་དང་གསུངས་པས། ཁོས་དེ་བཞིན་དུ་བསྒོམས་པས་གར་སོང་ཆ་མེད་པར་སོང༌། ལན་ཅིག་རྭ་སྒྲེང་ལ་བྱོན་པའི་ཚེ། ཕ་བོང་གཅིག་ལ་ཞབས་གཏད་དེ་ཞབས་སྒྲོགས་བཅིངས་པས་སྦྲུལ་དཀར་པོ་གཅིག་ཕ་བོང་འོག་དེ་ནས་འཐོན་ཏེ་སོང༌། དེ་ན་མཛེ་པོ་ཞིག་ཡོད་པ་གཞན་ཅི་ཡང་མ་དགོས་པར་དེ་གཅིག་པུས་ནད་གསོས།

              དགེ་བཤེས་ཀྱི་ཞལ་ནས། བོད་ཀྱི་སྲུང་བའི་སྐོར་དུ་གཏོགས་པ་རྣམས་ཕྱོགས་གཅིག་ཏུ་བཞག་པ་བས། ངས་དམིགས་པ་སྐོར་གསུམ་གྱིས་མཛེ་གསོས་པ་མང་བ་ཡིན་གསུངས། ཁམས་པ་ལུང་པ་ལ་མི་མ་ཡིན་ཚན་ཅིག་གིས། སྨྱུག་རུམ་དུ་གཏོར་མ་གཏོང་དེར་འགྲོ་ཟེར། འོ་ན་སྣེའུ་ཟུར་དུ་གཏོར་མ་ཟར་མི་འགྲོ་འམ་བྱས་པས། དེ་ན་རྡོ་རྗེའི་ར་དང་མེ་རི་བཅས་པས་མི་ཚུད་ཟེར། སྣེའུ་ཟུར་པའི་ཞལ་ནས་བཀའ་བརྒྱུད་འདི་བྱིན་གྱིས་བརླབས་པའི་བཀའ་བརྒྱུད་ཡིན་པས། གཏོར་མ་འདྲེ་ལ་མི་འཆོར་ཙམ་པའི་བཀའ་བརྒྱུད་ཡིན་གསུངས་སོ། །སྣེའུ་ཟུར་བས་དགེ་བཤེས་དགོན་པ་བ་ལ་གེགས་སེལ་བོགས་འདོན་གྱི་མན་ངག་མཐའ་དག་ཞུས་ཏེ་ཐུགས་ཉམས་སུ་བསྟར་བས་གཞན་གྱི་སྒོམ་གེགས་སེལ་བ་ལ་ཤིན་ཏུ་མཁས་པ་ཞིག་སྟེ། ཨ་མེས་ཚུལ་ཁྲིམས་འབར་བྱ་བས་གཙང་གཡས་རུར་ཕྱིན་ནས་རི་བོ་ཆེའི་སྒོམ་སེམས་འཛིན་བག་རེ་བསླབས་པ་ཞིག་བདོག་པར་གདའ་བས་སྤྱན་སྔར་འོངས་ཏེ་རྟོགས་པ་ཕུལ་བས། དེས་མི་འོང་གསུངས། འོ་ན་ཇི་ལྟར་བགྱི་ཞུས་པས། འདི་བཞིན་དུ་སྒོམས་དང་གསུངས་པ་ལ། སྒོམ་བསླབ་ཉེས་བྱ་བ་ཡིན་པས་སྔར་གྱི་སྟེང་དུ་སོང་ནས་མ་བཏུབ། ཡང་གཅིག་བསླབས་མ་བཏུབ་པས། ད་འོ་ན་ཅམ་གྱིས་ཞོག་ལ་ཞག་ཤས་གསོལ་བ་ཐོབ་ཅིག་གསུངས། དེ་ནས་ཞག་ཁ་ཡར་གསོལ་བ་བཏབ་པས་དགེ་བཤེས་ཀྱི་གཟིམ་ཁང་ནས་བཅོམ་ལྡན་འདས་ཤཱཀྱ་ཐུབ་པའི་སྐུ་མཐོ་གང་ཙམ་པ་འོད་ལྷག་པ་གཅིག་ནར་གྱིས་བྱུང་ནས་ཨ་མེའི་སྤྱི་བོར་ཐིམ་པ་སྙམ་བྱེད་ཙ་ན་དེ་ཉིད་དུ་ཏིང་ངེ་འཛིན་དུ་ལྷན་གྱིས་སོང་བས་དགའ་དྲགས་རྟོགས་པ་འབུལ་དགོས་སྙམ་ཕྱིན་པས་གཟིམ་ཁང་གི་སྒོ་ན་མིས་གཅེར་བས་སྤྱན་སྔར་མ་ཐོན། ཕྱི་ནས་སྐེ་རྨྱང་རྨྱང་བྱས་པས་ཞལ་ནས། འོ་ཨ་མེས་དེ་ཙུག་འོང་བ་ཡིན་གསུངས་ནས་ཏིག་གིས་མཁྱེན་པ་ཞིག་བྱུང་ཞེས་གྲག་གོ །

              བདག་ཉིད་ཆེན་པོ་འདི་ལ་གཞན་སེམས་ཤེས་པའི་མངོན་པར་ཤེས་པའང་རྒྱ་ཆེན་པོ་མངའ་སྟེ། སྣེའུ་ཟུར་བའི་སྤྱན་སྔ་ན་ཇོ་སྟན་ཚང་རོང་པ་བྱ་བའི་འདུལ་འཛིན་དེ་ནུབ་གཅིག་བཞིན་དུ་བསམ་པས། ཆས་རྐྱེན་མེད་པའི་ཁང་པ་འདི་བྲག་ཕུག་གཅིག་དང་ཁྱད་མེད། ཡུལ་དུ་འགྲོ་དགོས་སྙམ་པ་ཞིག་བྱུང༌། སང་དགེ་བཤེས་དེས་ཉེ་གནས་བཏང་ནས་འདིར་ཤོག་དང་གསུངས། སྤྱན་སྔར་ཕྱིན་པས། འོ་བླ་མ་བསྟེན་པའི་དུས་སུ་ཁང་པ་ལ་བྲག་ཕུག་ཏུ་སྒོམ་པ་མེད། ཆས་རྐྱེན་མེད་ན་འདི་ནས་ལོངས་གསུངས་ནས། ནས་སྒྲོ་བ་གང༌། མར་ཚུད་གཅིག ཇ་ཞིབ་མ་གང་གནང༌། ཡང་ལྷོ་བྲག་པ་གཤིད་སྟོན་ཁ་འདར་བྱ་བ་ལ་དགེ་བཤེས་ཀྱི་ཞལ་ནས། ཁ་འདར་བ་ལ་འུར་སོངས། མ་ལ་གཉིད་མེད་ནས་ཟླ་བ་ཁྱུར་པོ་གཉིས་སོང་ན་གསུངས། དེར་ཡུལ་དུ་ཕྱིན་པས་མ་རྒན་ཤེད། ཁྱོད་མེད་པས་སྙིང་མ་དགའ་ནས་གཉིད་མེད་ནས་ཟླ་བ་ཁྱུ་པོ་གཉིས་ལོན་ཟེར་ཏེ་ཏིག་གིས་དགོངས།

              ཡང་དགེ་བཤེས་དགྱེར་གྱིས་སྣེའུ་ཟུར་བའི་སྤྱན་སྔར་བྱོན། དེ་ན་འཕྱིང་པ་དྲས་ནས་སྟན་ཆུང་གཅིག་གི་བཟོ་མཛད་ཀྱིན་གདའ། དེར་ཁོང་གི་ཐུགས་དགོངས་ལ། དགེ་བཤེས་འདི་ཐུགས་རྒྱུད་རང་ཇི་ཙམ་པ་ཡིན་ནམ། མངོན་ཤེས་མངའ་འམ་མི་མངའ་སྙམ་པ་ཞིག་བྱུང་ཙ་ན། འགྲམ་པ་ལ་ཐལ་ལྕག་ཅིག་རྒྱབ་ནས། ཨ་ན་ཅི་གདའ་ལེ་གསུངས། བདག་ཉིད་ཆེན་པོ་འདིས་རང་དང་གཞན་གྱི་ཚེ་རབས་སྔ་ཕྱི་མང་པོ་མཁྱེན་པ་ནི། དགེ་བཤེས་སྣེའུ་ཟུར་བ་ཉིད་ཀྱི་ཞལ་ནས། ང་སྐྱེ་བ་སྔ་མ་མི་དབུལ་པོ་ཞིག་ལས་ཚེ་འཕོས་པ་ཡིན། སྐྱེ་བ་ཕྱི་མ་དགའ་ལྡན་དུ་སྨོན་ལམ་འདེབས་གསུངས། བདག་ཉིད་ཆེན་པོ་འདི་ལ་ཏིང་ངེ་འཛིན་བརྟན་པོའི་མཐུས་རྫུ་འཕྲུལ་དང་མངོན་ཤེས་ཀྱང་མངའ་སྟེ། ལན་ཅིག་ཙ་ན་ཉེ་གནས་ཞང་བཙུན་བྱ་བས་ན་བཟའ་ཁུར་ནས་ཕུ་ཆུང་བའི་འབུམ་པའི་རྩ་ནས་དཔོན་གཡོག་གཉིས་ཀྱིས་བྱོན། འབུམ་པའི་ཟུར་དུ་སླེབ་ཙ་ན་སྟོན་པ་ཤཱཀ་ཚུལ་གྱིས་ཕྱག་བྱས། ཕྱག་གཏོད་མཛད་པའི་བར་དེར་ཞང་བཙུན་གྱིས་ན་བཟའ་རྣམས་ཐང་ལ་བཞག་ནས་སྟོན་པ་ཤཱཀ་ཚུལ་ལ་ཕྱག་བྱས། ན་བཟའ་ཁུར་ནས་འབུམ་ཆུང་ཟུར་དུ་འོངས་ཙ་ན་ཇི་ལྟར་བྱས་ཆ་མེད་པར་གཟིམ་ཁང་ན་ཕར་ཡུད་བཞུད་པ་ཞིག་བྱུང་ཞེས་གྲག་གོ །

                                                                                                                                རྩོམ་སྒྲིག་པ། མང་ར་བ།
            གསལ་འདེབས། 
                      རྩོམ་འདིའི་པར་དབང་ངེད་དགེ་ལུགས་པའི་དྲ་བར་གཏོགས་པས་གང་འདོད་དུ་གཞན་དུ་མི་འགོད་པ་དང་། གལ་ཏེ་འགོད་ན་རྩོམ་ཁུངས་དང་སྦྲེལ་ཐག་གསལ་པོར་དགོད་པར་ཞུ།
                      དྲ་བའི་སྦྲེལ་ཐགhttp://www.tb1025.cn

 

བརྒྱུད་འགོད།