དགེ་བཤེས་འབན་གུང་རྒྱལ་གྱི་རྣམ་ཐར།

ཡོང་ཁུངས།   ངེད་དགེ་ལུགས་པའི་དྲ་བ།     སྤེལ་དུས།  2017-04-10 21:24:36     རྩོམ་པ་པོ།   ཡོངས་འཛིན་ཡེ་ཤེས་རྒྱལ་མཚན།     ཀློག་ཐེངས།  

4faee428b614e4987e6a55e66978e28a_.jpg

              དགོན་པ་བའི་སློབ་མ་དགེ་བཤེས་འབན་ནི། འཕན་ཡུལ་གྱི་སའི་ཆར་སྐུ་འཁྲུངས། རབ་ཏུ་བྱུང་བའི་མཚན་ཚུལ་ཁྲིམས་རྒྱལ་བ། ཀོ་དེ་ལུང་དུ་བཞུགས་པས་ཀོ་དེ་ལུང་པར་གྲགས་ཁོང་གིས་གཞོན་དུས་སྤྲང་བོ་འབའ་ཞིག་མཛད་ནས་ཐུགས་ཀྱང་མ་དུལ་བ་ཞིག་ཡོད་པ་ཡིན། ཕྱིས་དགོན་པ་བ་བསྟེན་ནས་ལམ་རིམ་ཐུགས་ཉམས་སུ་བཞེས་པས།ཆོས་རྣལ་མ་ཐུགས་རྒྱུད་ལ་འཁྲུངས་པ་ཞིག་བྱུང་བས། དགེ་བཤེས་པོ་ཏོ་བའི་གསུང་ནས་ཀྱང༌། བོད་ཀྱི་རྒྱལ་ཁམས་ན་འཆི་བ་གཤའ་མར་བློ་ལ་སྐྱེས་པ་འབན་གུང་རྒྱལ་ཡིན་གསུངས་ཏེ། ཁོང་རབ་ཏུ་འབྱུང་བའི་སྔ་རོལ་དུ། ཕྱིས་འདི་འདྲ་བ་ནུས་སམ་མི་ནུས་བལྟ་བའི་ཕྱིར།རྒྱུ་མོའི་གྲོགས་པོ་བྱ་བ་གཉན་པོ་ཞིག་ཡོད་པའི་སར་ནུབ་གཅིག་ཉལ་དུ་ཕྱིན་སྐད། དེ་ནས་རབ་ཏུ་བྱུང་ནས་ཐམས་ཅད་སྤངས་ཏེ་བསོད་སྙོམས་མཛད་པས། འཚོ་བ་མེད་པ་ཡང་ལན་མང་དུ་བྱུང༌། རང་ལ་རྔན་བགྲང་འདི་ལྟར་མཛད་དེ། དེ་རིང་སང་གི་དབང་བྱར་མེད་པར་གཏན་དུ་འདུག་རྩིས་མ་བྱེད་ཚུལ་ཁྲིམས་རྒྱལ་བ་གསུངས་ནས་ཆིག་སྨྲས་མཛད། འགྲོ་སྙིང་འདོད་ཙ་ན་སྒོ་གཏན་ལ་ཞོན་ནས་རྐང་པ་ཐག་པས་བཅིངས་ཏེ་བཞུགས་གསུངས། ཆོས་ནན་ཏར་བྱེད་ན་ཧུར་ཆེན་པོ་ཞིག་འབྱིན་མི་དགོས་སམ། མི་ངོར་མ་སོང་བ་ཞིག་མི་དགོས་སམ། མཐའ་རྒྱ་ཆོད་པ་ཞིག་མི་དགོས་སམ། ང་དགེ་ཚུལ་ཡིན་ན་གཙང་ཕུ་སྒོམ་ཆུང་ཙམ་ཞིག་འོང༌། གྲོགས་པོ་ཞིག་ཤི་བའི་རོ་སྐྱེལ་དུ་སོང་བའི་ཤུལ་དུ་བཞུགས་པས་བག་ཙམ་འཇིགས་པའི་ཞད་ཅིག་བྱུང་བས། མེ་སྒྲོན་བཏེག་ནས་ཁྱོད་སུ་ལ་འཇིགས། གང་ན་ཅི་ཡོད་གསུང་སྐད།

              ཡང་ཁོང་གི་གསུང་ནས། སྔོན་ང་ཕོ་རེང་མི་གཅིག་ལ་སྟོན་ཐོག་ཁལ་བཞི་བཅུ་འོང༌། གྲོང་པ་རྣམས་ཀྱིས་མིང་བཞི་བཅུ་སྡིགས་སུ་བཏགས། ཉིན་མོ་ལ་ཁའི་མི་རྒོད་བྱས།ནུབ་མོ་སྐུན་ཕུག་བྱས་པས་ལྟོ་མ་ཕྱིད། ད་མཆིལ་མ་རྡོ་ལ་མི་འདེབས་ཏེ་ལྟོ་ཕྱིད། མུ་གེ་ཆེན་པོ་བྱུང་ཡང་སུ་ཕྱུག་པ་ཞིག་དང་མཇིང་སྦྲེལ་ནས་བསྡད་ཆོག ཆོས་བདེན་སེམས་པ་ཉིས་བསྟུད་གསུམ་བསྟུད་དུ་འཆོར་གསུངས། སྔར་ངའི་ཁས་ཟས་མི་རྙེད་ད་ཟས་ཀྱིས་ངའི་ཁ་མི་རྙེད་གསུངས། རེས་འདི་སྐད་གསུངས། ང་ནི་ཚུལ་ཁྲིམས་རྒྱལ་བ་ཡིན་ནོ། ཁྱོད་ནི་འབན་གུང་རྒྱལ་ཡིན་ནོ། །དགེ་སློང་ཚུལ་ཁྲིམས་རྒྱལ་བ་ལ་འབན་གུང་རྒྱལ་འགྲན་མ་ཆེ་ཞིག་གསུངས་ཞིང་ཀོར་ཡུག་ཡུག་མཛད་ལོ། །འཕན་ཡུལ་སྟོད་ཀྱི་དགོན་པ་མང་པོ་འཇོམས་མི་བྱུང་བ་ལ། དགོན་པ་ཐམས་ཅད་ཀྱི་རུབ་ཆོས་བྱས་པས་འབན་གྱིས་ཆོས་གོས་གསོལ་ཆུ་བུམ་ཕྱག་ཏུ་ཐོགས་ནས། ད་ངའི་རུབ་ཆོས་འདི་ལས་བྱ་ཐབས་ཡོད་དམ་ཟེར་སྐད། དེ་ཕྱིས་སུ་པོ་ཏོ་བས་གསན་པས། ཤིན་ཏུ་མཉེས་ནས་ཁོའི་རུབ་ཆོས་དེ་ཡིན། འབན་གུང་རྒྱལ་གྱི་རུབ་ཆོས་དེ་ཡིན། འུ་ཅག་ཀྱང་བན་དེ་སློབ་ན་དེ་སློབ་ན་དེ་ཙུག་ཏུ་སློབ་དགོས་གསུང་སྐད། ཁ་ཆེ་པཎ་ཆེན་བྱོན་པའི་དུས་སུ་བོད་སྟོན་རྣམས་རྟ་རྨིག་ལྕགས་ཀྱིས་དྲིལ་ལྟ་བ་རྩད་དཔྱོད་དུ་བྱོན་པ་ལ། ཁོང་མི་ཚེ་ཐོས་པ་ལ་བསྐྱལ་བ་ཀུན་ཀྱང་ད་གདོད་ལྟ་བ་རྩད་དཔྱོད་ན། ང་ཐོས་ཆུང་སང་འདྲེས་འཁྱེར།གནངས་འདྲེས་འཁྱེར་ཟེར་བ་ཞིག་བསྡད་པས་ག་ན་འོང༌། ང་ཡང་འགྲོ་བསམ་པ་ཞིག་བྱུང་བ་ལ། ག་རེ་ཐོས་པ་བྱས་པས་ཉོན་མོངས་པ་ཆུང་བར་འགྱུར། ཉོན་མོངས་པ་ཆུང་བ་ལ་བདུད་ཀྱི་གླགས་མི་རྙེད་ཟེར་བ་ལ། ངས་ཐོས་པ་ཙམ་མ་བྱས་ཀྱང་ཉོན་མོངས་པ་ཆུང་དུ་སོང་ནས་འདུག ཁོང་ཐོས་པ་བྱས་པ་ཀུན་གྱི་ཉོན་མོངས་ཆུང་དུ་མ་སོང་བ་འདི་ཅིས་ལན་སྙམ་པ་ལ། ཁ་ལ་བརྒྱུད་པར་སོང་བས་ལན་སྙམ་པ་ཞིག་བྱུང་གསུངས། ད་ནི་སྟོན་པ་ཞིག་བྱས་ཀྱང་འོང་ངམ་སེམས། སྒོམ་ཆེན་ཞིག་བྱས་ཀྱང་འོང་ངམ་སེམས། གནས་བརྟན་ཞིག་བྱས་ཀྱང་འོང་ངམ་སེམས། གཙོ་བོ་ཞིག་བྱས་ཀྱང་འོང་ངམ་སེམས་གསུང་ལོ། ཁོང་སྟོན་པ་ཉིད་ཀྱི་ཚིག་ཁོ་ན་ཞལ་ནས་འོང་བ་ལ། པོ་ཏོ་བའི་ཞལ་ནས།གུང་རྒྱལ་འདྲ་བ་འདི་ཁ་ལ་སྟོན་པ་ཐོགས་ནས་གསུངས་ཏེ་བཀྱོན། དགེ་བཤེས་ཀྱིས་བཀྱོན་པས་འདི་མ་ལེགས་པ་ཡིན་ཏེ་འོང་སྙམ་ནས་བཞག་པས། བཞག་ཏུ་མ་བཏུབ་པར་སྟོང་པ་ཉིད་དུ་ཆམ་ཅེར་སོང་བས།དགེ་བའི་བཤེས་གཉེན་པ་ཁོ་བོ་ལས་ནི་ཁྱད་དུ་མི་གསོད། སྟོང་པ་བཞག་ཏུ་མི་བཏུབ་པར་གདའ་ཞུས་པས། ཁྱོད་རང་སྒོམས་ཤིག་ངས་གཞན་ལ་བྱས་པ་ཡིན་གསུང་སྐད།

              ཡང་འབན་གྱི་ཞལ་ནས། ཉོན་མོངས་པའི་མཁར་སྒོར་གཉེན་པོའི་མདུང་ཐུང་ཞིག་བཟུང་ནས་སྡོད་པ་མིན་པ་གཞན་བྱ་རྒྱུ་མེད། ཁོ་སྒྲིམ་ན་ང་ཡང་སྒྲིམ། ཁོ་གློད་ན་ང་ཡང་གློད་གསུངས།ཡང་ཁོང་གིས་ཚུལ་ཤེ་ལ་གསུངས་པ། མི་རྟག་རྟག་ཏུ་རེ་བའི་སེམས་ཅན་སྙིང་རེ་རྗེ། །སྐྱེ་འགྲོ་སྔ་མ་ཤི་བ་མ་མཐོང་ངམ། །ཕྱི་མ་འཆི་བ་མ་ཚོར་རམ། །འཇིག་རྟེན་ལས་ལ་ཟིན་དུས་མེད། །སྐྱེ་ཤི་གཉིས་ལ་ཐར་དུས་མེད། །གཏན་བདེ་བོད་ཀྱང་འགྱོད་དུས་མེད། །ཆོས་ཀྱི་ངོ་བོ་མཐོང་དུས་མེད། །ངལ་བ་དོན་མེད་གཏན་ཁང་བརྩིགས། །བུད་མེད་མང་པོ་སྡུག་བསྔལ་སྣོད། །བྲན་གཡོག་མང་པོ་ཁ་མཆུའི་རྒྱུ། །ནོར་རྫས་མང་པོ་གཡེང་བའི་རྒྱུ། །བུ་མོ་བཟང་སྡུག་ལྡན་པ་ཡང༌། །དྲོ་གང་ཙམ་གྱི་གྲང་བའི་ས། །ཅི་ལ་བསམས་ཀྱང་ཕན་པར་མི་འགྱུར་བས། །རང་གི་སེམས་པ་ལྟ་ན་ཁོ་ནར་བྱ། །ཞེས་གསུངས་སོ། །དེ་ལྟར་དགེ་བཤེས་འབན་འདི་ནི་དགོན་པ་བ་དང་སྐུ་མཆེད་གསུམ་ལ་སོགས་པའི་དགེ་བའི་བཤེས་གཉེན་མང་པོས་བསྐྱངས། འཆི་བ་མི་རྟག་པ་ཐུགས་ལ་འཁྲུངས་པས་འདོད་པ་ལ་མདུང་ཐེབས། སྟོང་པ་ཉིད་ཀྱི་ལྟ་བས་འཁོར་བའི་རྩ་བ་དྲུངས་ཕྱུང༌། བྱང་ཆུབ་སེམས་ཀྱིས་བདག་གཞན་མཉམ་པར་དགོངས་པའི་དཔའ་བོ་ཆེན་པོ་ཞིག་བྱུང་ངོ༌། །

                                                                                                                                          རྩོམ་སྒྲིག་པ། མང་ར་བ།
           གསལ་འདེབས། 
                    རྩོམ་འདིའི་པར་དབང་ངེད་དགེ་ལུགས་པའི་དྲ་བར་གཏོགས་པས་གང་འདོད་དུ་གཞན་དུ་མི་འགོད་པ་དང་། གལ་ཏེ་འགོད་ན་རྩོམ་ཁུངས་དང་སྦྲེལ་ཐག་གསལ་པོར་དགོད་པར་ཞུ།
                    དྲ་བའི་སྦྲེལ་ཐགhttp://www.tb1025.cn

བརྒྱུད་འགོད།