རྣལ་འབྱོར་བ་ཤེས་རབ་རྡོ་རྗེའི་རྣམ་ཐར།

ཡོང་ཁུངས།   ངེད་དགེ་ལུགས་པའི་དྲ་བ།     སྤེལ་དུས།  2017-04-05 22:24:11     རྩོམ་པ་པོ།   ཡོངས་འཛིན་ཡེ་ཤེས་རྒྱལ་མཚན།    ཀློག་ཐེངས།  

90660192682118338.jpg

              རྣལ་འབྱོར་པ་ཤེས་རབ་རྡོ་རྗེ་ནི། ཇོ་བོའི་གདམས་པ་མང་དུ་མངའ་ཞིང་ཁྱད་པར་གྲུབ་མཐའ་ལ་རྩལ་ཐོན། ཐུགས་དམ་ཡི་གེ་དྲུག་པའི་ཞལ་གཟིགས། ཇོ་བོ་ལོ་གསུམ་དུ་བསྟེན་པར་གྲགས། ལན་ཅིག་གི་ཚེ་མ་ཎི་བཟླས་པས་ཞལ་ནས་འོད་ཟེར་ཤྭ་ཤཱ་འོང་བ་ལ་རྣལ་འབྱོར་པ་ཆེན་པོའི་ཞལ་ནས། སྒོམ་ཆེན་འདི་ཁོ་ན་རེ་སྐྱིད། བྱང་ཆུབ་ཀྱི་ཐུགས་མངའ་བ་གསུངས། ཇོ་བོ་གཤེགས་ནས་གསང་ཕུར་བཞུགས་ཏེ་ཐུགས་དམ་ཆིག་ཆོད་དུ་མཛད། ཁོང་དང་རྣལ་འབྱོར་པ་ཁྲི་མཆོག་གཉིས་ཐུགས་གཅུགས་པས་གསང་ཕུ་དང་རྭ་སྒྲེང་གཉིས་ལ་ཡར་སྙེགས་མར་སྙེགས་བྱེད་པ་ལ་དྲོ་ཟན་འཁྱེར་མི་དགོས་གསུངས་ཏེ། རྐང་མགྱོགས་ཀྱི་རྫུ་འཕྲུལ་ཐོབ་པར་གྲགས། དགེ་བཤེས་སྤྱན་སྔའི་བླ་མ་ཡིན་པས་སློབ་དཔོན་སྒོམ་ཆེན་ཞེས་འབོད། གསང་ཕུར་སྐུ་གཤེགས་པས་གདུང་བཞུགས་པའི་ས་འབུམ་ཆུང་ངུ་ཞིག་གསང་ཕུའི་སྐོར་ལམ་ནུབ་ཕྱོགས་ན་ད་ལྟའང་བཞུགས་སོ། །

              འདི་ལ་གོང་མ་རྣམས་གསང་ཕུར་སྐུ་ཡལ་ཞེས་བསྔགས་པ་ཆེ་བར་མཛད་དོ། །ཕྱག་དར་སྟོན་པ་ནི། སྤྱིར་ཇོ་བོའི་ཆོས་མང་དུ་མཁྱེན་ཅིང༌། ཁྱད་པར་ཕ་རོལ་ཏུ་ཕྱིན་པ་ལ་རྩལ་ཐོན། ཇོ་བོས་ཕྱག་དར་ལ་ལོགས་སུ་བླ་མའི་མན་ངག་བྱ་བ་གསང་བས་འགྲུབ་པ་ཡིན་ཏེ། བསྟན་པ་ཉམས་དམའ་བའི་དུས་སུ་བཟློ་དགོས། ཁྱོད་ཤེས་རབ་ཤིན་ཏུ་ཆེ་བས་ཇི་སྐད་བཤད་པ་བཞིན་དུ་གོ །ངས་ཇི་སྐད་ཟེར་བ་བཞིན་དུ་བྱེད།གཞན་རྣམས་ཀྱིས་བསྟན་ཀྱང་མ་གོ་བས་དེ་མིན་ཞིག་ལོགས་ན་ཡོད་སྙམ་ནས་འོང༌། ཁྱོད་བྱམས་སྙིང་རྗེ་བྱང་ཆུབ་ཀྱི་སེམས་སྒོམས་ཤིག་གསུངས། ཡང་དགེ་བཤེས་ཕྱག་དར་ལ་སོགས་པ་བོད་སྟོན་ཁ་ཅིག་གིས།ཇོ་བོའི་སྐུ་སྐྱེ་སྔ་མ་ཇི་ལྟར་བཞེས་པ་དང༌། ཕྱི་མ་གང་དུ་འཁྲུངས་པ་དང༌། འཚང་ཇི་ལྟར་རྒྱ་བའི་ལོ་རྒྱུས་ཤིག་ཡི་གེར་འབྲི་བར་ཞུས་པས། ཇོ་བོའི་ཞལ་ནས། ཁྱོད་ཀྱིས་གཙུག་ཏོར་འདོན་མ་མྱོང་ངམ་གསུངས། མྱོང་ལགས་ཞུས་པས། གཙུག་ཏོར་ནས། བཅད་དོ། །ཕུར་བུས་གདབ་བོ། །བྱ་བ་བགེགས་ལ་ནུས་པ་མེད་པར་བྱས་པ་ཡིན། དེ་བཞིན་དུ་བཀའ་དང་བླ་མའི་མན་ངག་ལ་ཚིག་གི་ཕུར་བུས་བཏབ་པས་བྱིན་རླབས་ཉམས་འགྲོ་བ་ཡིན། དེ་བས་ན་ཚིག་ཟིན་པ་དང་དོན་གོ་བར་བྱ་ཡིས། ཡི་གེར་འབྲི་བའི་འོས་མ་ཡིན་གསུངས། ཕྱག་དར་སྟོན་པ་ལ་ནན་ཏན་དུ་མཛད་ནས་ཡོན་ཏན་གསང་བས་འགྲུབ་པ་ཡིན་ནོ་གསུངས།

              སྙེ་ཐང་དུ་ཇོ་བོས་བོད་སྟོན་རྣམས་ལ་ཕར་ཕྱིན་ཐོག་མར་པཎྜི་ཏའི་བཤད་ལུགས་དང༌། དེ་ནས་ཇོ་བོ་ཉིད་ཀྱི་བཞེད་པ་རྟོན་པ་བཞིའི་སྒོ་ནས་ཁྲིད་ཚུལ་གསུངས་པ་ལ་འདིས་ཟིན་བྲིས་མཛད་པའི་ཕར་ཕྱིན་ཁམས་ལུགས་མར་གྲགས་པའང་སྣང་སྟེ།སྔོན་གཙིགས་ཆེ་བར་བྱུང་འདུག་གོ །ཇོ་བོ་གཤེགས་ནས་རྭ་སྒྲེང་དུ་བྱོན། སྟོན་པའི་སློབ་མ་མཛད། སྐུ་མཆེད་གསུམ་གྱིའང་སློབ་དཔོན་དུ་སྣང་ཞིང༌། ཕྱིས་ཁམས་སུ་ཕེབས་ནས་བསྟན་འགྲོའི་དོན་རྒྱ་ཆེར་མཛད་ཅེས་གྲགས་སོ། །

                                                                                                                                    རྩོམ་སྒྲིག་པ། མང་ར་བ།
            གསལ་འདེབས། 
                        རྩོམ་འདིའི་པར་དབང་ངེད་དགེ་ལུགས་པའི་དྲ་བར་གཏོགས་པས་གང་འདོད་དུ་གཞན་དུ་མི་འགོད་པ་དང་། གལ་ཏེ་འགོད་ན་རྩོམ་ཁུངས་དང་སྦྲེལ་ཐག་གསལ་པོར་དགོད་པར་ཞུ།
                       དྲ་བའི་སྦྲེལ་ཐགhttp://www.tb1025.cn

 

བརྒྱུད་འགོད།