རྣལ་འབྱོར་བ་ཆེན་པོ་བྱང་ཆུབ་རིན་ཆེན་གྱི་རྣམ་ཐར།

ཡོང་ཁུངས།   ངེད་དགེ་ལུགས་པའི་དྲ་བ།     སྤེལ་དུས།  2017-04-05 22:20:57     རྩོམ་པ་པོ།   ཡོངས་འཛིན་ཡེ་ཤེས་རྒྱལ་མཚན།    ཀློག་ཐེངས།  

77996044631369659.jpg

              ཁམས་པ་སྐུ་མཆེད་བཞི། ཁམས་པ་སྐུ་མཆེད་བཞི་ནི། རྣལ་འབྱོར་པ་ཆེན་པོ་བྱང་ཆུབ་རིན་ཆེན། དགོན་པ་བ་དབང་ཕྱུག་རྒྱལ་མཚན། ཤེས་རབ་རྡོ་རྗེ། ཕྱག་དར་སྟོན་པ་རྣམས་སོ། །དེ་ལ་རྣལ་འབྱོར་པ་ཆེན་པོ་བྱང་ཆུབ་རིན་ཆེན་ནི། མདོ་ཁམས་སྨད་དུ་ཤིང་མོ་ཡོས་ལ་སྐུ་འཁྲུངས། སྐུ་གཞོན་ནུ་ནས་རབ་བྱུང་སྟེ་ཇོ་བོ་རྗེ་བོད་དུ་འབྱོན་པའི་སྙན་པ་གསན་ནས་མཇལ་བར་འདོད་དེ་བྱོན་པས་གཙང་གི་ཉན་ཚོར་ཇོ་བོ་དང་མཇལ། ཇོ་བོས་སྔོན་གྱི་འབྲེལ་བ་དང་ཆོས་ཀྱི་བག་ཆགས་ཡོད་པར་མཁྱེན་ནས་མཇལ་མ་ཐག་ཏུ་དམ་ཚིག་གསུམ་བཀོད་པའི་རྒྱལ་པོའི་ལུང་དང༌། འདུ་ཤེས་བསྐྱེད་པའི་ཆོས་བཅུ་བྱ་བའི་གདམས་ངག་གནང༌།རྒྱུན་གྱི་ཞབས་ཏོག་པ་ཉེ་གནས་མཛད་ཅིང༌། རྒྱ་གར་དུ་ཇོ་བོའི་བླ་མ་རྣམས་ལ་འབུལ་སྐྱེལ་དང༌། རྡོ་རྗེ་གདན་གྱི་མཆོད་པ་སོགས་བྱ་བར་ལན་གསུམ་བྱོན། ལན་ཅིག་དབུས་སུ་ཉང་པོའི་གྲུ་ལ་ཇོ་བོའི་ཕྱག་ཕྱི་མཛད་ཅིང་ཕེབས་དུས་ཇོ་བོ་ལ་གྲུ་གླ་ཅི་སྦྱིན་ཞུས་པས་ཇོ་བོས་ཕྱག་རྒྱ་ཞིག་མཛད་པས་དེ་གོ་ནས་ཀ་ར་བམ་པོ་ལྔ་བྱིན་པས་ཇོ་བོ་དགྱེས་ཏེ་ངས་རྐང་མགྱོགས་བསྒྲུབས་ནས་འཛམ་བུའི་གླིང་ལན་གསུམ་སྐར་ཡང་ཁྱོད་འདྲ་བའི་སློབ་མ་མི་རྙེད་གསུངས། ཇོ་བོ་སྙེ་ཐང་དུ་བཞུགས་དུས་རྣལ་འབྱོར་པའི་ཐུགས་དགོངས་ལ་ཉིན་མཚན་དང་སྟོན་དཔྱིད་མེད་པར་བླ་མའི་ཞབས་ཏོག་བྱེད་བྱེད་ནས་བསྒོམ་བྱ་རྒྱུ་མ་བྱུང་བས་ང་བསོད་ནམས་ཆུང་སྙམ་པའི་བློ་ཞིག་སྐྱེས་པ་ཇོ་བོས་མཁྱེན་ནས་ལུས་ངག་ཡིད་གསུམ་བླ་མའི་ཞབས་ཏོག་ཏུ་བཀོལ་ན་སྒོམ་གྱི་དམིགས་པ་གཞན་ནས་བཙལ་མི་དགོས་གསུངས། དེའི་གནད་ཀས་དགེ་བཤེས་རྣལ་འབྱོར་པ་ལས་རྟོགས་པ་མཐོ་ལ་སྒོམ་བཟང་བ་མ་བྱུང་བ་ཡིན།

              དམ་ཚིག་གསུམ་བཀོད་པའི་རྒྱལ་པོའི་བཟླས་པ་སྟོང་ཕྲག་བརྒྱད་ཐོན་ཙ་ན་ཞལ་གཟིགས། ལས་སྣ་ཚོགས་ལ་རྩལ་ཐོན། དམ་ཚིག་གསུམ་བཀོད་རྒྱལ་པོ་དང་འཇལ། དཔལ་འགྲོ་བ་མཛད་པའི་ཞལ་གཟིགས། ཇོ་བོ་མྱ་ངན་ལས་འདས་ནས་ཞལ་ཆེམས་བཞིན་དགེ་བཤེས་སྟོན་པའི་ཕྱག་ཕྱིར་བྱོན་ནས་རྭ་སྒྲེང་དུ་བཞུགས། དགེ་བཤེས་སྟོན་པ་ཞི་བར་གཤེགས་རྗེས་རྭ་སྒྲེང་གི་གདན་ས་ལོ་བཅུ་གསུམ་མཛད། རྭ་སྒྲེང་གི་ཁྱམས་སྨད་ལ་སོགས་པ་མཛད་པ་ལྷག་མ་རྣམས་བསྒྲུབས་ཤིང་ཚོགས་པ་བསྐྱངས་པས་འཕྲིན་ལས་ཤིན་ཏུ་ཆེ་བ་བྱུང༌། བུ་སློབ་ཆེ་བ་མང་ར་བ་བྱང་ཚུལ། སྟོད་ལུང་བ་ཆེན་པོ།ལྷག་མི།གཡག་རུམ། སྨྱུག་རུམ་པ་ཆེན་པོ་རྣམས་དང༌། བཀའ་གདམས་སྐུ་མཆེད་གསུམ་གྱིས་ཀྱང་འདིའི་ཞབས་ལ་གཏུགས་པར་སྣང་ངོ༌། །བདག་ཉིད་ཆེན་པོ་འདི་ནི་མངོན་ཤེས་དང་རྫུ་འཕྲུལ་ཐོགས་པ་མེད་པ་མངའ་བ་ཞིག་སྟེ། འབྲོམ་རིན་པོ་ཆེ་སྐུ་སྙུན་པའི་སྐབས་ཤིག་རྫུ་འཕྲུལ་རྩིགས་པ་ལའང་ཐོགས་པ་མེད་པར་བྱོན་ནས་སྙུན་དྲིས་པའི་གཏམ་རྒྱུད་ཀྱང་ཡོད་ཅིང༌། རྫོགས་རིམ་གྱི་རླུང་མཉམ་འཇུག་གི་ཏིང་ངེ་འཛིན་ཁྱད་པར་ཅན་ཐོབ་པ་ཞིག་ཡིན་པར་གསུངས།དགུང་ལོ་དྲུག་ཅུ་རེ་གསུམ་པ་མེ་མོ་སྦྲུལ་གྱི་ལོའི་རྒྱལ་ཟླའི་ཡར་ཚེས་བརྒྱད་ལ་ངོ་མཚར་བའི་ལྟས་དང་བཅས་དགའ་ལྡན་དུ་གཤེགས་སོ། །

                                                                                                                              རྩོམ་སྒྲིག་པ། མང་ར་བ།
            གསལ་འདེབས། 
                      རྩོམ་འདིའི་པར་དབང་ངེད་དགེ་ལུགས་པའི་དྲ་བར་གཏོགས་པས་གང་འདོད་དུ་གཞན་དུ་མི་འགོད་པ་དང་། གལ་ཏེ་འགོད་ན་རྩོམ་ཁུངས་དང་སྦྲེལ་ཐག་གསལ་པོར་དགོད་པར་ཞུ།
                        དྲ་བའི་སྦྲེལ་ཐགhttp://www.tb1025.cn

 

བརྒྱུད་འགོད།