ལྷོ་བྲག་པ་ཕྱག་ཁྲི་མཆོག་གི་རྣམ་ཐར།

ཡོང་ཁུངས།   ངེད་དགེ་ལུགས་པའི་དྲ་བ།     སྤེལ་དུས།  2017-04-04 21:59:41     རྩོམ་པ་པོ།   ཡོངས་འཛིན་ཡེ་ཤེས་རྒྱལ་མཚན།     ཀློག་ཐེངས།  

177795672865972008.jpg

             ལྷོ་བྲག་པ་ཕྱག་ཁྲི་མཆོག ལྷོ་བྲག་པ་ཕྱག་ཁྲི་མཆོག་ནི། འཁྲུངས་ཡུལ་ལྷོ་བྲག་པ། ལྷ་སར་ཇོ་བོ་མཇལ་བའི་ལམ་ཞོར་ལ་སྙེ་ཐང་དུ་ཇོ་བོ་རྗེ་དང་མཇལ་ཏེ་གདམས་ངག་མང་དུ་ཐོབ། ལོ་ལྔ་བསྟེན།ཆོས་མངོན་པ་ལ་རྩལ་ཐོན། འཇིག་རྟེན་དབང་ཕྱུག་དང༌། ཇོ་མོ་སྒྲོལ་མའི་ཞལ་གཟིགས་ཤིང་ཁམས་གོང་མའི་ཏིང་ངེ་འཛིན་ལ་མངའ་བརྙེས། ཇོ་བོའི་རྣལ་འབྱོར་མི་བཞིའི་ཡ་གྱལ་གཅིག་ཡིན། ཇོ་བོ་མྱ་ངན་ལས་འདའ་ཁར། ཚེ་འདི་བློས་ཐོང༌། ཚེ་གཞུག་འབྲོམ་སྟོན་པ་དང་མ་བྲལ་བ་གྱིས་ཤིག་གསུངས་པ་ལ་བརྟེན་ནས་འབྲོམ་གྱི་ཕྱག་ཕྱིར་རྭ་སྒྲེང་དུ་ཕེབས།

              དེ་ནས་ཇོ་བོའི་གདུང་ཁང་གི་དངུལ་འདོན་པ་དང༌། ཇོ་བོའི་ཕྱག་དཔེ་ཁ་ཅིག་རྒྱ་གར་དུ་རྫོང་བའི་སླད་དུ་བལ་ཡུལ་དུ་བྱོན། རྒྱ་གར་དུ་རྒྱ་དཔེ་འཕྲིན་ཡིག་དང་བཅས་པའི་མི་མང་པོ་བརྫངས། དངུལ་རྣམས་ལ་ལྗང་པ་བྱས་ནས་ཀ་པ་ལིར་བཅུག ཚུར་བྱོན་པའི་ལམ་དུ་རྨི་ལམ་ལ་ཇོ་མོ་སྒྲོལ་མའི་ཞལ་ནས་བྲམ་ཟེའི་ཁྱེའུ་ལོ་བཅུ་ལོན་པ་གཅིག་རས་ཚོང་དུ་འོང་གི་དེ་ཉོས་ལ་ང་ལ་ཕུལ་ཞིག །དེ་ལྟར་བྱས་ན་ལམ་དུ་བར་ཆད་ཀྱིས་མི་ཚུགས་པའི་གཉེར་ཁ་ཐམས་ཅད་ངས་བྱེད་ཟེར་བ་ཞིག་རྨིས། སང་རས་ཚོང་བ་ཞིག་བྱུང་སྟེ་ཇོ་མོ་ལ་བསྔོས་ནས་དཔལ་མོ་དཔལ་ཐང་ལ་བྱོན་ཙ་ན་ཇག་པ་མང་པོ་བྱུང་བས་ཟླ་བོ་ཐམས་ཅད་བཅོམ། ཕྱག་ཁྲི་མཆོག་གི་དངུལ་ལྗང་པ་དེ་རྣམས་གད་སྐྱིབས་ཞིག་ན་ཕར་ལ་བཞག་པས་ཇག་པས་མ་མཐོང་བར་ཚུར་ཐོན། ལོ་རྒྱུས་དེ་རྭ་སྒྲེང་དུ་དགོན་པ་བ་ལ་ཞུས་པས། སྒྲོལ་མ་དཀར་སྔོ་གཉིས་གང་དུ་འདུག་གསུངས། དེ་མ་དྲན་ཞུས་པས་དེ་གཉིས་ཀ་བཞེངས་གསུངས་ནས་རས་དེ་ལ་སྒྲོལ་མ་དཀར་སྔོ་གཉིས་ཀ་བཞེངས་ནས་ད་ལྟ་རྭ་སྒྲེང་ན་བཞུགས་པ་ལགས། གླང་རི་ཐང་པའི་ཞལ་ནས་རི་མོ་གསལ་རྒྱུ་མི་འདུག་སྟེ་སྤྲུལ་པའི་སྐུ་དངོས་ཡིན་གསུངས། དེ་ནས་རེ་ཞིག་ན་ཇ་ལུང་རྡོ་གང་གི་མང་སྐོལ་མཛད། དེ་རིང་ནི་གཏམ་རི་གཟར་གྱི་རྦབ་འདྲ་བ་ཞིག་འོང་པས་སོ་སོ་ནས་བཟོད་པ་མཛད་པ་ཞུ་གསུངས་ནས་བཟོད་གསོལ་སྔོན་ལ་མཛད། དགེ་བཤེས་སྟོན་པ་ལ་དགེ་བའི་བཤེས་གཉེན་པ་ལགས། ཁྱེད་ལ་ཇོ་བོའི་གདམས་ངག་ཐམས་ཅད་བུམ་པ་གང་བྱོའི་ཚུལ་དུ་མངའ་བ་ལགས་པས། དེས་ཀྱང་མི་ཕན། དེས་ཀྱང་མི་ཕན་མི་གསུངས་བར་ཇོ་བོའི་གདམས་ངག་རྣམས་རྒྱུན་མི་གཅོད་པར་གསུང་བར་ཞུ། རྣལ་འབྱོར་པ་ལ། ཁྱོད་རྣལ་འབྱོར་པ་མི་ཆོས་སུ་ངན་ཏེ། ཇོ་བོའི་གཡོག་བཞག་ནས་རྦ་རྒྱ་མཚོའི་རྗེས་ལ་ཕྱིན།

              ལྷ་ཆོས་སུ་ངན་ཏེ་ཇོ་བོའི་གདམས་ངག་བསྒོམ་པ་བཞག་ནས་སྦས་ཆུང་སྟོན་པའི་བདག་མེད་མའི་སྒྲུབ་ཐབས་བསླབས་པ་ཡིན་ཞེས་དང༌། རྣལ་འབྱོར་པ་གོང་འོག་ལ་ཡང་བཀའ་ཕེབས་ལམ་མེ་བ་ཞིག་མཛད་ནས། ད་ཁོ་བོ་ཇོ་བོའི་ཐུགས་དགོངས་སྐོང་དགོས་པ་ཡོད་པས། སོང་ནས་མཚམས་གཅོད་པར་ཞུ་གསུངས་པས། རྣལ་འབྱོར་པ་གོང་འོག་གི་ཐུགས་དགོངས་ལ་ཁོང་མཚམས་བཅད་ནས་མི་དང་མི་ཕྲད་པ་ཡིན་འོང་སྙམ་ཙ་ན་ཤུག་གསེབ་ལ་སོགས་པ་གར་ཐོད་ཐོད་དུ་བཞུགས་ནས་གདའ་སྐད། དེ་དུས་གསང་ཕུ་ནས་རྣལ་འབྱོར་པ་ཤེས་རབ་རྡོ་རྗེ་རྭ་སྒྲེང་དུ་བྱོན། ཁོང་དང་ཆོས་ཀྱི་གསུང་གླིང་ཁོ་ཐག་ཆོད་པ་ཞིག་བྱ་སྙམ་ནས་བྱོན་པ་དང༌། རྣལ་འབྱོར་པ་མི་བཞུགས་པར་གདའ་སྐད། གར་བཞུད་བྱས་པས། ཤུག་གསེབ་ཀྱི་ཕ་གི་ཡིན་ཟེར་བས། དེར་བྱོན་ཏེ་གསང་ཕུ་བ་དགེ་སློང་ཡིན། ཁྲི་མཆོག་དགེ་བསྙེན་ཡིན་པས་གསང་ཕུ་བ་ལ་ཚུར་ཕྱག་གསུམ་མཛད་ནས། ཁོ་བོ་ལ་མིའི་ཏིག་པོ་ཙམ་མི་བདོག་གསུངས་ནས། ཤུག་གསེབ་ན་ཕར་གཤེགས་པར་མཛད།

              གསང་ཕུ་བའི་ཞལ་ནས། དེ་ལས་ཡིད་མུག་པ་དང༌། དེ་ལས་ཁོ་ཐག་མ་ཆོད་པ་ཞིག་མ་བྱུང་གསུངས། ཁོང་འཇིག་རྟེན་གྱི་རྣམ་པར་རྟོག་པ་ལ་མཚམས་པོ་ཆེ་པད་ཀྱིས་བཅད་ནས་བཞུགས་པ་ཡིན་ཏེ། འཇིག་རྟེན་བློས་བཏང་ནས་བྱམས་སྙིང་རྗེ་བྱང་ཆུབ་ཀྱི་སེམས་བསྒོམ་པ་ལ་སོགས་པ་ཇོ་བོའི་ཐུགས་དགོངས་ཇི་ལྟ་བ་བཞིན་དུ་བསྒྲུབ་པར་མཛད། ལན་ཅིག་ཡུལ་ནས་གསེར་ཞོ་ཁ་ཡར་ཞིག་བྱུང་བ་ན། གསེར་གྱི་ཐུམ་པོ་རྣམས་བཀྲོལ་ནས་ཕྱག་གི་མཐིལ་དུ་བླུགས། ཀ་གཉིས་མའི་མདུན་དུ་བྱོན་ནས།བདག་ནི་གྲོལ་བ་དོན་གཉེར་ལ། །རྙེད་དང་བཀུར་སྟིས་འཆིང་མི་དགོས། །གསུང་ཞིང་རྟེན་གྱི་གསེབ་ཏུ་གཏོར་ཏེ་བཏང༌། རྭའི་ཟེའུ་ཆུང་ཆུང་ཞིག་ལ་སྐོར་བ་མཛད་པ་ལ།  མྱ་ངན་འདས་རྟིང་བལྟས་པས། ནང་ན་ཇོ་བོའི་ན་བཟའ་བྲུལ་པ་ཞིག་སྣང༌། གཞན་རྟེན་གྱི་དངོས་པོ་ཅི་ཡང་མི་འདུག དགོན་པ་བའི་ཞལ་ནས། ཝ། རྭ་སྒྲེང་བའི་མཐའ་འདི་ལྟར་སོང་བ་གསུངས། དེ་ཅི་ནོངས་ཞུས་པས། ངས་ཇོ་བོའི་ཐུགས་དམ་གྱི་ལྷ་བཞེངས། རྣལ་འབྱོར་པས་མདོ་མང་བྲིས། སྟོན་པ་འདས། ཁྲི་མཆོག་ཡོད་ནའང་འདི་ལྟར་མི་འགྲོ་བ་ལ་གསུངས། ཁྲི་མཆོག་གིས་ཅི་ཕན་ཞུས་པས། དེ་འཇིགས་ནས་བྱེད་མི་ཕོད་གསུངས། ཤ་ར་བའི་ཞལ་ནས། ད་ལྟའི་བཀའ་གདམས་པའི་སྲོལ་གང་ཡིན་ཆ་མེད།

              སྔོན་དགེ་བཤེས་སྟོན་པ་དང༌། ཁྲི་མཆོག་དང༌། རྣལ་འབྱོར་པ་རྣམས་ཀྱིས་སྐྱེ་སའི་ཡུལ་སྤངས་ཏེ་ཉེ་དུ་འབྲེལ་བ་ལ་ཤི་བ་ལྟར་བྱས་ནས་ཆོས་ལ་ནན་ཏན་ཆེར་བྱེད་པ་ཡིན་གསུངས། དགེ་བཤེས་གྲོ་ལུང་པའི་ཞལ་ནས། རྣལ་འབྱོར་པ་ཕྱག་ཁྲོ་མཆོག་ཆོས་གྲྭའི་སློབ་དཔོན་སྤྱོད་པ་གཞན་གྱི་སེམས་ཤེས་པ་མངའ་བ་ཇོ་བོ་རྗེ་གཤེགས་ཁར་ཐ་མལ་པའི་རྟོག་པ་མ་རྒྱུ་བར་བྱང་ཆུབ་ཀྱི་སེམས་སྦྱོངས་ཤིག སྟོན་པ་དང་མ་བྲལ་བར་གྱིས་ཤིག་ཅེས་གདམས་པ་དང༌། ལྷག་པར་དགོངས་པ་ལོ་བཞིར་ཐ་མལ་པའི་རྟོག་པ་མ་ཤོར་བར་གྲགས་པ་སྟེ། རྙེད་པ་ནི་འཕྲལ་འཚོ་ཙམ་ལས་མེད། མགྲོན་གྱི་སྣེ་ལེན་ལ་སོགས་པ་ཚུལ་བཞིན་མཛད་པ་ན། ཉེ་གནས་སྐྱོ་ནས་འདི་ལྟ་བུ་མི་འགྲུབ་ཅེས་ཞུས་པ་དང༌། བཀྱོན་ཏེ། གཅིག་པུར་འདུག་པ་ཏ་སོ་གསོད་དེ་ཆིག་སྐྱ་མི་ཐུབ་པས་དགེ་བཤེས་སྟོན་པ་ལ་བརྟེན་པ་ཡིན་གསུངས་སོ། །དེ་ལྟར་ཐ་མལ་གྱི་རྣམ་པར་རྟོག་པའི་རྒྱུ་བ་བཅད་དེ་དགུང་ལོ་ཞེ་གཉིས་འགྲོ་བའི་ཚེ་རྭ་སྒྲེང་དུ་སྐུའི་བཀོད་པ་བསྡུས་ནས་དགའ་ལྡན་ཆོས་ཀྱི་ཕོ་བྲང་དུ་གཤེགས་སོ། །

                                                                 རྩོམ་སྒྲིག་པ། མང་ར་བ།
       གསལ་འདེབས།
               རྩོམ་འདིའི་པར་དབང་ངེད་དགེ་ལུགས་པའི་དྲ་བར་གཏོགས་པས་གང་འདོད་དུ་གཞན་དུ་མི་འགོད་པ་དང་། གལ་ཏེ་འགོད་ན་རྩོམ་ཁུངས་དང་སྦྲེལ་ཐག་གསལ་པོར་དགོད་པར་ཞུ།
               དྲ་བའི་སྦྲེལ་ཐགhttp://www.tb1025.cn

 

བརྒྱུད་འགོད།