ལམ་རིམ་བླ་མ་བརྒྱུད་པའི་རྣམ་ཐར་ལས་བཀའ་བསྡུ་དང་གཏད་རབས་ཀྱི་སྐོར་དང་བོ།

ཡོང་ཁུངས།   ངེད་དགེ་ལུགས་པའི་དྲ་བ།     སྤེལ་དུས།  2017-03-17 19:06:31     རྩོམ་པ་པོ།   ཡོངས་འཛིན་ཡེ་ཤེས་རྒྱལ་མཚན།     ཀློག་ཐེངས།  

 

              0689b8a9fb2b561de98440f16c94ea6.jpg

               བཀའ་བསྡུ་དང་གཏད་རབས་ཀྱི་སྐོར། དེ་ལྟར་སྟོན་པ་མྱ་ངན་ལས་འདས་པའི་ཚུལ་བསྟན་པའི་དབྱར་དེ་རྒྱལ་པོ་མ་སྐྱེས་དགྲས་སྦྱིན་བདག་བྱས་ནས་རྒྱལ་པོའི་ཁབ་ཀྱི་བདེ་ཆེན་མའི་ཕུག་ཏུ་འོད་སྲུང་ཆེན་པོ་ལ་སོགས་པའི་དགྲ་ཅོམ་པ་ལྔ་བརྒྱས་དབྱར་གནས་མཛད། དེའི་ཚེ་ཀུན་དགའ་བོ་ལ་མདོ་སྡེ་བསྡུ་བར་གསོལ་བ་བཏབ་པ་ན། དགྲ་བཅོམ་པ་ལྔ་བརྒྱའི་སྣམ་སྦྱར་རྣམས་བརྩེགས་པ་གདན་དུ་བཏིང་བའི་སྟེང་དུ་འཕགས་པ་ཀུན་དགའ་བོས་འཛེགས་ཏེ། ཞལ་མཉན་ཡོད་དུ་ཕྱོགས། ཕྱག་ཐལ་མོ་སྦྱར། གདོང་མཆི་མ་དང་བཅས་བཞིན་དུ་འདི་སྐད་བདག་གིས་ཐོས་པ་དུས་གཅིག་ན་ཞེས་བརྗོད་པ་ན། ལྷ་གྲངས་མེད་པ་ནམ་མཁའ་ལས་བབས་དེ་གུས་པར་ཉན་ཞིང་མདོ་སྡེའི་སྡེ་སྣོད་བསྡུས་སོ། །

               དེ་ཡང་དང་པོ་བདེན་བཞིའི་ཆོས་འཁོར་ནས་བཟུང་མཐའ་མ་ཀུན་ཏུ་རྒྱུ་རབ་བཟང་ལ་གསུངས་པ་དང༌། འཁོར་རྣམས་ལ་གསུང་གི་མཐའ་མ་མི་རྟག་པ་བསྟན་པ་ཡན་ཆད་མདོ་སྡེ་ཇི་སྙེད་ཅིག་གསུངས་པ་ཐམས་ཅད་ཚིག་གཅིག་ཀྱང་མ་ལུས་པར་བློ་ལས་བཏོན་པའོ། །དེ་ལྟར་འཕགས་པ་ཀུན་དགའ་བོས་མདོ་སྡེ་བསྡུས་ནས་ཁྲི་ལས་བབས་ཏེ་འཁོད། དེ་ནས་འཕགས་པ་ཉེ་བར་འཁོར་ཁྲི་ལ་འཛེགས་ཏེ་འདུལ་བའི་སྡེ་སྣོད་རྣམས་བསྡུས། དེ་ནས་འོད་སྲུང་ཆེན་པོ་ཁྲི་ལ་འཛེགས་ཏེ་མངོན་པའི་སྡེ་སྣོད་རྣམས་བསྡུས་སོ། །

               དེ་ནས་འོད་སྲུང་ཆེན་པོ་འདི་སྙམ་དུ་བདག་གིས་བསྟན་པའི་བྱ་བ་བྱས་ཟིན་གྱི། ད་ནི་མྱ་ངན་ལས་འདའོ་སྙམ་དུ་དགོངས་ནས་འཕགས་པ་ཀུན་དགའ་བོ་ལ་བསྟན་པ་གཏད་དེ། ཁྱོད་ཀྱིས་ཀྱང་བསྟན་པ་ཤ་ནའི་གོས་ཅན་ལ་གཏོད་ཅིག་ཅེས་གསུངས་ནས་དེ་བཞིན་གཤེགས་པའི་མཆོད་རྟེན་རྣམས་ལ་ཕྱག་བྱས་ཏེ་ལྷོ་ཕྱོགས་ཀྱི་རི་བྱ་རྐང་ཅན་ཞེས་བྱ་བའི་རི་བོ་གསུམ་འདུས་ཀྱི་དབུས་སུ་བྱོན་ནས་རྩྭའི་གདན་ལ་སྐྱིལ་མོ་ཀྲུང་བཅས། བཅོམ་ལྡན་འདས་ཀྱིས་གནང་བའི་སྣམ་སྦྱར་སྐུ་ལུས་ལ་བཀབ་སྟེ། ཇི་སྲིད་བྱམས་མགོན་མ་བྱོན་གྱི་བར་དུ་པུར་མི་ཉམས་པར་བྱིན་གྱིས་བརླབས་ནས་མྱ་ངན་ལས་འདས་སོ། །

                                                                                                                    རྩོམ་སྒྲིག་པ། མང་ར་བ།
             གསལ་འདེབས། 
                       རྩོམ་འདིའི་པར་དབང་ངེད་དགེ་ལུགས་པའི་དྲ་བར་གཏོགས་པས་གང་འདོད་དུ་གཞན་དུ་མི་འགོད་པ་དང་། གལ་ཏེ་འགོད་ན་རྩོམ་ཁུངས་དང་སྦྲེལ་ཐག་གསལ་པོར་དགོད་པར་ཞུ།
                       དྲ་བའི་སྦྲེལ་ཐགhttp://www.tb1025.cn

བརྒྱུད་འགོད།