རོང་བོ་དགོན་ཆེན་གྱི་དགེ་བའི་བཤེས་གཉེན་མདོ་བའི་ཨ་ལགས་རྒྱ་མཚོ་ཚང་ངོ་སྤྲོད་མདོར་བསྡུས།

ཡོང་ཁུངས།   དགེ་ལུགས་དྲ་བ།     སྤེལ་དུས།  2024-12-12 07:59:37     རྩོམ་པ་པོ།   རོང་བོ་བློ་གྲོས་བརྟན་པ།     ཀློག་ཐེངས།  

微信图片_20241216074513.jpg

 བརྟན་མཁས་ཀྱི་ཡོན་ཏན་གཉིས་དང་ལྡན་པའི་དགེ་བཤེས་ཨ་ལགས་རྒྱ་མཚོའམ་རོང་བོ་དགེ་འདུན་རྒྱ་མཚོ་མཆོག་ནི།  ༡༩༧༠ ལོར་རེབ་གོང་མདོ་བ་འབྲོག་ནས་འཁྲུངས་ཤིང་སློབ་ཆུང་མཐར་ཕྱིན།

༡༩༨༦ལོར་༸ཡོངས་འཛིན་བླ་མ་རྗེ་དགེ་འདུན་བསྟན་འཛིན་ལས་རབ་ཏུ་བྱུང་སྟེ་མདོ་བ་འབྲོག་དགོན་པ་མདོ་སྔགས་དར་རྒྱས་གླིང་གི་ཆོས་སྒོར་ཞུགས།  གསོ་རིག་སྨྲ་བ་དགེ་སློང་སྐལ་བཟང་བསྟན་འཛིན་ནམ་ཡོངས་གྲགས་སུ་ཨ་ཁུ་སྨན་ཏོག་ཚང་ཞུ་བའི་དྲུང་ནས་འདོན་རྟ་དབྱངས་སོགས་བསླབས་ཤིང་སྔ་རྗེས་སུ་དབུ་མཛད་ཀྱི་འགན་ཐེངས་གཉིས་ལ་བཞེས།

བཀའ་གདམས་པ་ཆེན་པོ་སྟག་ཡན་ཨ་ཁུ་༸དགེ་འདུན་རྒྱ་མཚོ་ཚང་མདོ་བ་དགོན་དང་། གཉན་ཐོག་དགོན་པས་གདན་དྲངས་པའི་སྐབས་སྔ་ཕྱིར་དགའ་ལྡན་ལྷ་བརྒྱ་མ་དང་།  བླ་མཆོད། ལམ་རིམ་དམར་ཁྲིད་མྱུར་ལམ་དང་བསྟན་འཛིན་བྱེ་བའི་འབྱུང་གནས་སོགས་ཀྱི་ཁྲིད། གཞན་ཆོས་སྤྱོད་ཁག  སྨན་བླ། ཀུན་རིག གསང་འདུས།  འཇིགས་བྱེད་ལྷ་བཅུ་གསུམ་མའི་ཆོ་ག མགོན་པོ། ཆོས་རྒྱལ། ལྷ་མོ་བཅས་ཀྱི་ལུང་མནོས། སྔོན་འགྲོའི་འབུམ་བཅུ་དང་། ཀུན་རིག གསང་འདུས། ཡི་དམ་རྡོ་རྗེ་འཇིགས་བྱེད་བཅས་ཀྱི་བསྙེན་པ་བཏང་།

༡༩༩༤ལོར་ཨ་ཁུ་དགེ་འདུན་ཤེས་རབ་མཆོག་གིས་རྟིང་སྐུལ་གནང་བ་ལྟར་རོང་བོ་ཐོས་བསམ་གླིང་དུ་ཞུགས་ཏེ། ༸བླ་མ་སློབ་ཟུར་བ་དགེ་བཤེས་ལྡོང་ངེ་དགེ་ལེགས་རྒྱ་མཚོ་ཚང་སོགས་ལས་བསྡུས་གྲྭ་དང་བློ་རྟགས་ལ་སྦྱངས།སྔ་ཕྱི་རྣམས་སུ་༸ས་སྟེང་རྒྱལ་བསྟན་ཡོངས་ཀྱི་མངའ་བདག་སྐྱབས་མགོན་ཐམས་ཅད་མཁྱེན་པ་དང་། གསེར་ཁྲི་རིན་པོ་ཆེ་སོགས་སྐྱེས་ཆེན་དུ་མ་ལས་དབང་ལུང་མན་ངག་དང་ལམ་ཁྲིད་ཀྱི་ཟབ་ཆོས་མང་ཙམ་ལ་གསན།

མདོ་བ་འབྲོག་དགོན་ཕྱག་འདེབས་མཛད་པ་བོ་བླ་བྲང་བཀྲ་ཤིས་འཁྱིལ་གྱི་དགེ་བཤེས་བཀའ་རམས་པ་རེབ་གོང་བ་རྗེ་དགེ་འདུན་རྒྱ་མཚོའི་སྤྲུལ་བར་གྲགས་པས་ཀུན་ལ་ཨ་ལགས་རྒྱ་མཚོ་ཞེས་པའི་མཚན་ཐོགས་མོད། བཤེས་གཉེན་ཁོང་ཕྱི་རྫིག་ནང་སྟོང་གི་སྐོར་ལ་ཐུགས་མི་དགྱེས་སྟབས་གྲྭ་རྐྱང་གི་ལུགས་ཀྱིས་ཚོགས་ནས་བཞུགས་དུས་ཀྱང་རང་གི་འཛིན་གྲྭའི་མཐོ་དམའ་ལྟར་ལས་གྲལ་མགོ་ནས་མི་བཞུགས་ལ་འགག་སེར་ཙམ་ཡང་མི་མནབས་པའི་སྤྱོད་ལམ་ཧ་ལས་པ་ཞིག་ཡོད།

༡༩༩༦ལོར་དབུས་ཀྱི་གདན་ས་སེ་ར་ཐེག་ཆེན་གླིང་དུ་ཟུར་ཞུགས་གནང་སྟེ།  ༸དགེ་བཤེས་བློ་བཟང་ཐེག་མཆོག་ལགས་ཀྱི་དྲུང་ནས་ཕར་ཕྱིན་གྱི་སྐོར་དང་། བསྟན་འཛིན་དམ་པ་༸རྗེ་ངག་དབང་ཟླ་གྲགས་མཆོག་ལས་ཐར་ལམ་གསལ་བྱེད་ལེའུ་དང་བོ་དང་གཉིས་པ།  ༸དགེ་བཤེས་བཀྲ་ཤིས་རྒྱལ་མཚན་མཆོག་གི་དྲུང་ནས་རྣམ་འགྲེལ་དང་དབུ་མའི་གཞུང་ཚན་འགའ་རེ། རྒོལ་ངན་ཚར་གཅོད། སྤྱོད་འཇུག་ཆེན་མོ་བཅས་ལོ་བཞིའི་རིང་དུ་ཕར་ཕྱིན་གཙོ་བོར་གྱུར་པའི་གཞུང་ཆེན་ཁག་ལ་གསན་སྦྱོང་རྒྱ་ཆེར་མཛད་ཅིང་རིགས་པ་སྨྲ་བའི་རྩེ་གྲས་སུ་སླེབས། སྤྱོད་འཇུག རྒྱན་འཇུག དྲང་ངེས་ལེགས་བཤད་སྙིང་བོ་དང་ཐར་ལམ་གསལ་བྱེད་ཀྱི་ལུང་འགལ་ཡན་སོགས་ཐུགས་འཛིན་གནང་།                               

༡༩༩༧ལོར་རྭ་སྟོད་འཇང་དགུན་ཆོས་ཆེན་མོའི་སྟེང་ཚད་ཆུང་དམ་བཅའ་བར་བཞུགས།                          ༢༠༠༠ལོ་ནས་བཟུང་༸རྗེ་ངག་དབང་ཟླ་གྲགས་སོགས་ལས་རྗེ་བཙུན་དབུ་མ། དགོངས་པ་རབ་གསལ།  འདུལ་ཊིཀ་ཉི་མའི་འོད་ཟེར་གཞི་སྟོད་ཡན་སོགས་དབུ་མར་ལོ་བཞི་དང་འདུལ་མཛོད་གཉིས་བཅས་ལ་ཐོས་བསམ་གནང་སྟེ་གཞུང་དོན་ལ་གོ་བ་ཟབ་མོ་རྙེད་པས་ངེས་དོན་གྱི་དཔེ་ཆ་བའི་མཚན་གནས་ཐོབ། བཤེས་གཉེན་དགེ་ལྡན་༸སྙན་གྲགས་མཆོག་ལས་མཛོད་རྩ་དང་བློ་གླིང་འདུལ་བའི་སྡོམ་ཆེན་གཞི་སྟོད་ཡན་གྱི་ཁྲིད་བཅས་ཐོབ།                   

༢༠༠༣ལོར་སློབ་གཉེར་གྱི་ཞོར་དུ་བཀྲ་ཤིས་ལྷུན་པོའི་སྔགས་ཆེན་བློ་བཟང་ཆོས་གྲགས་མཆོག་ལས་ལམ་རིམ་མཆན་བཞི་སྦྲགས་ཀྱི་ཁྲིད་སོགས་དང་། ༢༠༠༤ལོར་བཤེས་གཉེན་བློ་བཟང་མགོན་པོ་མཆོག་ལས་སྔགས་རིམ་ཆེན་མོའི་ལུང་ལ་གསན་པ་སོགས་ལོ་ངོ་བཅུའི་རིང་གུས་རྟག་བརྩོན་པ་མི་དམན་པའི་སློབ་གཉེར་གནང་།      

༢༠༠༥ལོའི་དགུན་ཁར་༸སྐྱབས་མཆོག་བརྒྱད་པ་ཆེན་མོ་དང་བླ་མ་ཁྲི་གདན་ཟུར་རྣམས་ཀྱི་བཀའ་དགོངས་བཞིན་དབུས་སུ་སློབ་གཉེར་གནང་བཞིན་པའི་གསེར་ལྗོངས་ཡུལ་གྱི་དགེ་འདུན་པ་ཡོངས་དང་ལྷན་དུ་ཕྱིར་རོང་བོ་དགོན་ཆེན་དུ་གདན་དྲངས། ༢༠༠༦ལོ་ནས་བཟུང་དགོན་པའི་དཔེ་ཁྲིད་དགེ་རྒན་ལ་བསྐོས་པ་དང་རེ་ཞུའི་དོན་གཉེར་མཁན་རྣམས་ལ་བསྡུས་གྲྭ་བློ་རྟགས་དང་རྣམ་འགྲེལ།ཕར་ཕྱིན་སོགས་ཀྱི་དཔེ་ཁྲིད་གནང་ཞོར། ༢༠༠༦དང་༢༠༠༧གཉིས་ལ་འཛིན་གྲོགས་རྣམས་དང་ལྷན་དུ་ཟབ་མོ་དབུ་མར་སློབ་གཉེར་མཛད།

༢༠༠༨དང་༢༠༠༩གཉིས་ལ་འཛིན་གྲྭ་དང་མཉམ་དུ་དགོན་པའི་ཁ་མགོ་བར་བཞུགས་ཏེ་ལྷག་བསམ་རྣམ་དག་གིས་གྲྭ་ཚང་རིན་པོ་ཆེར་ཞབས་ཞུ་བགྱིས། ༢༠༡༠དང་༢༠༡༡ལོ་གཉིས་ལ་འཛིན་གྲོགས་རྣམས་དང་ལྷན་དུ་མངོན་པ་མཛོད་ལ་སྦྱངས་ཤིང་། ༢༠༡༠ཡི་ལོ་འདིར་སྐུ་གོང་མའི་ཐུགས་ཀྱི་བུ་ཆེན་བླ་བྲང་ཨ་ཁུ་བསོད་ནམས་ཚང་གི་མདུན་དུ་ཕེབས་ཏེ་དབལ་མང་པཎྜི་ཏའི་སྔགས་ཀྱི་ཁྲིད་ཞུས།༢༠༡༡ལོའི་དགུན་ཁར་མཁས་པའི་དབང་ཕྱུག་རྒན་༸རོང་བོ་བློ་བཟང་ཆོས་གྲགས་མཆོག་གི་ཞལ་སྔ་ནས་ལྕང་སྐྱ་རོལ་པའི་རྡོ་རྗེ་ཡིས་མཛད་པའི་རྟེན་འབྲེལ་བསྟོད་པའི་འགྲེལ་བའི་ཁྲིད་ལ་གསན།

༢༠༡༢དང་༢༠༡༣ལོ་གཉིས་ལ་དམ་ཆོས་འདུལ་བར་གསན་སྦྱོང་མཛད། ༢༠༡༤ལོ་ནས་བཟུང་སྔགས་ཀྱི་སྐོར་ལ་གཟིགས་རྟོག་དང་དཔེ་ཁྲིད་ལ་གཅིག་ཏུ་བརྩོན་པར་མཛད། ༢༠༡༦ ལོ་ནས་བཟུང་གུས་པ་བདག་གི་འཛིན་གྲྭར་དབུ་མ་དགོངས་པ་རབ་གསལ་གྱི་དཔེ་ཁྲིད་དང་། ༢༠༢༠ལོར་ཕྲན་གྱིས་གསོལ་བ་བཏབ་ངོར་བསྟན་དར་ལྷ་རམས་པའི་གཅིག་དུ་བྲལ་གྱི་དཔེ་ཁྲིད་གནང་། ༢༠༢༢ལོའི་རོང་བོ་དགོན་ཆེན་གྱི་ཆོ་འཕྲུལ་སྨོན་ལམ་ཆེན་མོའི་སྐབས་དད་ལྡན་མང་ཚོགས་མང་བོར་སྐྱབས་འགྲོ་དང་འབྲེལ་བའི་སྒོ་ནས་ནང་ཆོས་ངོ་སྤྲོད་བགྱིས། ༢༠༢༣ལོའི་ཤོལ་ཟླ་གཉིས་པའི་ཚེས་ཉེར་ལྔ་ནས་གསུམ་པའི་ཚེས་བཅུའི་བར་དུ་རོང་བོ་དགོན་ཆེན་དུ་བྱང་ཆུབ་ལམ་རིམ་ཆེན་མོའི་བཤད་ལུང་གནང་།

ལོ་རེ་བཞིན་གཞིས་དགོན་གྱི་དགེ་འདུན་པ་ཚོར་ལམ་རིམ་བློ་སྦྱོང་གིས་མཚོན་པའི་བསླབ་བྱ་ཅི་རིགས་དང་།  དད་ལྡན་མང་ཚོགས་རྣམས་ལ་ཡང་བློ་དང་འཚམ་པའི་ཆོས་ཁྲིད་གནང་ཞིང་།  རོང་བོ་ཐོས་བསམ་གླིང་གི་རྩོད་རྒྱུགས་ཆེན་མོ་དང་འབྲི་རྒྱུགས་བཅས་ཀྱི་རྒྱུགས་ཞིབ་རྒན་དང་། འཇང་དགུན་ཆོས་སོགས་སྐབས་གང་ཡིན་པོར་དཔེ་ཁྲིད་གནང་མུར་བཞུགས་ལགས་སོ།། 

གུས་སློབ་པ་རོང་བོ་བློ་གྲོས་བརྟན་པས་བྲིས།

རྩོམ་སྒྲིག་པ།  ཤེས་རབ་རལ་གྲི།

གསལ་འདེབས།

རྩོམ་འདིའི་པར་དབང་ངེད་དགེ་ལུགས་པའི་དྲ་བར་གཏོགས་པས་གང་འདོད་དུ་གཞན་དུ་མི་འགོད་པ་དང་། གལ་ཏེ་འགོད་ན་རྩོམ་ཁུངས་དང་སྦྲེལ་ཐག་གསལ་པོར་དགོད་པར་ཞུ།ལྷག་པར་འཕྲིན་སྟེགས་དག་གིས་འགོད་དུས原创བྱས་ཏེ་འགོད་མི་ཆོག

དྲ་བའི་སྦྲེལ་ཐགhttp://www.tb1025.cn 


བརྒྱུད་འགོད།