རོང་བོ་དགོན་ཆེན་གྱི་དགེ་བའི་བཤེས་གཉེན་འཇིགས་མེད་ཟླ་བ་མཆོག་ངོ་སྤྲོད་མདོར་བསྡུས།

ཡོང་ཁུངས།   དགེ་ལུགས་དྲ་བ།     སྤེལ་དུས།  2024-11-21 07:31:18     རྩོམ་པ་པོ།   རོང་བོ་བློ་གྲོས་བརྟན་པ།     ཀློག་ཐེངས།  

འཇིགས་མེད་ཟླ་བ.jpg

རོང་བོ་དགོན་ཆེན་གྱི་དགེ་བའི་བཤེས་གཉེན་འཇིགས་མེད་ཟླ་བ་མཆོག་ནི། ༡༩༦༣ལོར་ཡབ་འབྲུག་ལྷ་རྒྱལ་དང་ཡུམ་བྲོས་མོ་སྐྱིད་གཉིས་ཀྱི་སྲས་སུ་རེབ་གོང་སྟོད་ཀྱི་སྐྱིད་པོ་རིའི་ཉེ་འདབས་ནས་འཁྲུངས། ༡༩༧༤ལོར་ས་གནས་དེའི་སློབ་གྲྭར་ཞུགས།

༡༩༨༡ལོར་༸ སྐྱབས་མགོན་བདུན་པ་ཆེན་པོའི་རྒྱལ་ཚབ་གསེར་ཁྲི་རྡོ་རྗེ་འཆང་ལས་དགེ་ཚུལ་གྱི་སྡོམ་པ་བཞེས།

༡༩༨༢ལོར་རོང་བོ་དགོན་ཆེན་དུ་ཞུགས་ཏེ་རྗེ་དཔྱི་ས་དྲུང་ཆེན་དཀོན་མཆོག་བློ་གྲོས་རྒྱ་མཚོའི་དངོས་སློབ་ཡོངས་འཛིན་བླ་མ་དགེ་འདུན་བསྟན་འཛིན་ཚང་ལས་བསྡུས་རྟགས་དང་། ཡོངས་འཛིན་གཞོན་པ་འཇིགས་མེད་ཐེག་མཆོག་ལས་རིག་གནས་སོགས་ལ་སྦྱངས།

༡༩༨༣ལོར་གསེར་ཁྲི་རིན་པོ་ཆེ་ལས་བསྙེན་པར་རྫོགས།

 ༡༩༨༨ལོར་འཕགས་ཡུལ་བྱང་རྩེ་གྲྭ་ཚང་དུ་ཕེབས་ཏེ་ལོ་ངོ་བརྒྱད་ཙམ་ལ་༸ སྐྱབས་རྗེ་བྱང་རྩེ་མཁན་ཟུར་ཐུབ་བསྟན་དབང་ཕྱུག་དང་། ཏྲེ་ཧོར་མཁན་པོ་བློ་བཟང་ཆོས་འབྱོར་གཉིས་ལས་ཕར་ཕྱིན་དང་དབུ་མ་སོགས་ལ་གསན། འདན་མ་བློ་ཆོས་རིན་པོ་ཆེ་ཚང་ལས་བཀའ་ཆོས་མང་བོར་གསན་ཅིང་དབུ་ཕར་ཚད་གསུམ་ལ་སྦྱངས་པ་མཛད།

༡༩༩༤ལོར་རྒྱུགས་སྤྲོད་ལེགས་པར་ཐོན་པས་ཕར་ཕྱིན་རབ་འབྱམས་པའི་མཚན་རྟགས་གནང་།

༡༩༩༥ལོར་ཕྱིར་ཕ་ཡུལ་ལ་ཕེབས་ཏེ་རོང་བོ་དཔལ་གྱི་དགོན་ཆེན་དུ་སློབ་གཉེར་གྱི་འཕྲོ་བསྐྱངས་ནས་མདོ་སྔགས་ཀྱི་གཞུང་ལ་གསན་བསམ་དང་དགེ་རྒན་ལ་བསྐོས་པ་ལྟར་ཚད་མ་རྣམ་འགྲེལ་སོགས་ཁྲིད།

༡༩༩༦ལོར་༸ སྐྱབས་མགོན་བརྒྱད་པ་ཆེན་མོ་དང་ཁྲི་ཟུར་ཁ་སོ་རིན་པོ་ཆེ། ཡོངས་འཛིན་རྗེ་དགེ་འདུན་བསྟན་འཛིན་བཅས་ཀྱི་ཐུགས་དགོངས་ལྟར་ཆོ་འཕྲུལ་སྨོན་ལམ་ཆེན་མོའི་སྐབས་ཕར་ཕྱིན་རབ་འབྱམས་པའི་དམ་བཅའ་གསར་དུ་བཙུགས།

༡༩༩༩ལོ་ནས་བཟུང་ལོ་ངོ་གཉིས་ལྷག་ལ་ཐོས་བསམ་ལ་བར་ཆད་རེ་སླེབས་ཀྱང་ཞུམ་པ་མེད་པར་མཐར་སྐྱེལ། ༢༠༠༡ལོར་རོང་བོ་སྡེ་སྤྱི་དང་དེའི་དགོན་བདག་བླ་མ་སོགས་ཀྱིས་ ༸ སྐྱབས་མགོན་ཐམས་ཅད་མཁྱེན་པར་སྙན་ཞུ་ཕུལ་པ་ལྟར་བུ་རྒུ་དགོན་ཐོས་བསམ་བྱང་ཆུབ་གླིང་གི་དགེ་རྒན་ལ་ཕེབས་ནས་གཞུང་ཆེན་མོའི་དཔེ་ཁྲིད་གནང་སྟེ་བགྲང་བྱ་ལྔ་ལ་བསྐྱངས།

༢༠༠༤ལོར་མཐའ་བྲལ་དབུ་མ་ཆེན་མོའི་ཟབ་དོན་ལ་རྣམ་པར་དཔྱད་པ་ཟླ་བའི་དགོངས་རྒྱན་ཞེས་བྱ་བ་བརྩམས་ཏེ་བཀྲམ།

༢༠༠༦ལོར་སྒྲུབ་པའི་གནས་མཆོག་བཀྲ་ཤིས་འཁྱིལ་གྱི་འདུས་མང་གིས་ཞུས་པ་བཞིན། ཁོང་ཐམས་ཅད་མཁྱེན་པ་མཆོག་གིས་བཀའ་གསུང་ལྕི་མོ་ཕེབས་པས་དགོན་དེར་ཕེབས་ནས་ཞྭ་དམར་ལམ་རིམ་དང་བློ་སྦྱོང་སོགས། དགེ་ཚུལ་སློང་གི་བསླབ་བྱ། ཐུན་མོང་རིག་གནས་དང་བཅས་པ་ཁྲིད་དེ་ཐམས་ཅད་ཡིད་ཚིམ་པར་བྱས།

༢༠༠༨ལོར་ཐོས་བསམ་གླིང་གི་དགེ་བསྐོས་ལ་བཞུགས་ཤིང་། ལོ་དེར་ཕྱོགས་ཡོངས་ནས་དགོན་པའི་ལས་དོན་ཁག་སྔར་ལས་བརྒྱ་འགྱུར་གྱིས་ལྕི་ནའང་ཁོང་གིས་དགོངས་པ་ཆེར་བསྐྱེད་ཀྱིས་འོ་བརྒྱལ་ལན་གསུམ་ཙམ་ལ་བཞེས་པ་དཔྱོད་ལྡན་པ་རྣམས་ཀྱི་ཐུགས་ན་མངའ།

 ༢༠༡༠ལོར་ཚོགས་ཆེན་ཞལ་ངོ་དང་། ༢༠༡༤ལོར་དབུ་མའི་ལྟ་བ་ལ་དཔྱད་པ་དཔལ་ལྡན་ཟླ་བ་གྲགས་པའི་ཞལ་ལུང་ཞེས་བྱ་བ་ཀན་སུའུ་མི་རིགས་དཔེ་སྐྲུན་ཁང་ནས་དཔར་ཏེ་བཀྲམ།

༢༠༡༥ལོ་ནས་བཟུང་ལོ་གསུམ་ལ་སྐབས་བཞི་བའི་སློབ་གཉེར་འཛིན་སྐྱོང་ཚོགས་པའི་ནང་དུ་བསྐོས་ཏེ་འཆད་ཉན་ལ་རྟིང་སྐུལ་བླ་མེད་མཛད།

༢༠༡༩ ལོར་དགེ་བཤེས་འདིས་དབུ་ཁྲིད་དེ་དད་ལྡན་སྦྱིན་བདག་འགས་༸ སྐྱབས་མགོན་ཐམས་ཅད་མཁྱེན་པ་གཙོས་པའི་བླ་མ་ཁྲི་གདན་ཟུར་དང་། གདན་ས་གསུམ། སྒྲུབ་པའི་གནས་མཆོག་བཀྲ་ཤིས་འཁྱིལ་སོགས་ཀྱི་དགེ་འདུན་པ་སྟོང་ལྷག་ལ་དབྱར་སྟོན་ཆེན་མོའི་སྦྱིན་བདག་མཛད་ནས་རྩེ་གཞུང་སྐྱིད་པའི་སྨན་ལྗོངས་ལ་གདན་དྲངས་ཏེ་ས་ལ་བྱིན་ཕབ་ཅིང་ལོངས་སྤྱོད་ནམ་མཁའ་མཛོད་ཀྱིས་ཅི་ཡང་བརྒྱན་པའི་བསྙེན་བཀུར་བླ་ན་མེད་པ་ཕུལ། ཐོས་བརྩོན་གནང་བའི་ཞོར་དུ་ཀུན་གཟིགས་པཎ་ཆེན་རིན་པོ་ཆེ། བླ་མ་གསེར་ཁྲི་ཚང་།  རིག་འབྱུང་ཞིང་གི་སྐྱབས་གཅིག་མཐོང་བ་དོན་ལྡན་གོང་ས་བརྒྱད་པ་ཆེན་མོ་དང་། སྡོམ་བརྩོན་དམ་པ་སྟག་ཡན་དགེ་འདུན་རྒྱ་མཚོ། བསེ་ཚང་བློ་བཟང་དཔལ་ལྡན་སོགས་དམ་པ་མང་བོ་ལས་དབང་ལུང་རྗེས་གནང་མཐའ་ཡས་པ་གསན།

༢༠༢༡ལོར་དགོན་བཀའ་འགྱུར་བའི་སྤྲུལ་སྐུ་བློ་བཟང་བསྟན་པའི་རྒྱལ་མཚན་གྱི་གཙོས་བླ་སྤྲུལ་དགེ་བཤེས་འགའ་དང་དོན་གཉེར་ཅན་མང་ཙམ་གྱི་ངོར། ༸རྣམ་འདྲེན་བླ་མ་སྐལ་ལྡན་རྒྱ་མཚོའི་དུས་མཆོད་ཀྱི་ཉིན་མོ་ནས་དབུ་བརྩམས་ཏེ་མདོ་སྨད་སྒྲུབ་བརྒྱུད་བསྟན་པའི་ཤིང་རྟ་བ་ཆེན་པོ་ཕྱག་ན་པདྨོ་ཡབ་རྗེ་བླ་མའི་གསུང་འབུམ་གྱི་ལྗགས་ལུང་སྩལ།   ལོ་དེའི་ཟླ་བཅུ་གཉིས་པའི་ཚེས་བཅོ་ལྔ་ནས་བཟུང་།   ཡབ་རྗེ་བླ་མ་སྐུ་ཕྲེང་གཉིས་པའི་གསུང་འབུམ་དང་།  རྒྱལ་མཆོག་སྐལ་བཟང་རྒྱ་མཚོས་མཛད་པའི་ཐུགས་རྗེ་ཆེན་པོའི་སྨྱུང་གནས་ཆོག་རིང་།  མངོན་རྟོགས་རྒྱན།  དཀོན་མཆོག་རྗེས་དྲན་བཅས་ཀྱི་ལུང་གནང་།

༢༠༢༢ལོར་ལྷ་སྡེ་ཨ་ཁུ་ཚང་རྗེ་དགེ་འདུན་བསྟན་འཛིན་མཆོག་གི་རྣམ་ཐར་མཆོད་པའི་མེ་ཏོག་པདྨ་དཀར་བོ་ཞེས་བྱ་བ་དང་། གསེར་ཁྲི་རིན་པོ་ཆེའི་རྣམ་ཐར་མདོར་བསྡུས་གཉིས་བརྩམས་པ་འདུས་མང་ལ་རིན་མེད་གཟིགས་འབུལ་དུ་ཕུལ། སྐབས་ཀུན་ཏུ་དོན་གཉེར་ཅན་དག་ལ་བསྡུས་གྲྭ་ནས་བཟུང་མཇུག་འདུལ་བའི་བར་དུ་དཔེ་ཁྲིད་མ་ཆད་པར་གནང་ཞིང་། གཞན་ཡང་རང་རང་གི་འདོད་པ་ལྟར་ད་ལྟ་ཡང་ལུང་རྒྱུན་དང་ཁྲིད་རྒྱུན་གང་ཡོད་གནང་ཞོར་དགེ་སྦྱོར་ལ་འབད་བཞིན་བཞུགས་ལགས་སོ།།

རྩོམ་སྒྲིག་པ།  ཤེས་རབ་རལ་གྲི།

གསལ་འདེབས།

རྩོམ་འདིའི་པར་དབང་ངེད་དགེ་ལུགས་པའི་དྲ་བར་གཏོགས་པས་གང་འདོད་དུ་གཞན་དུ་མི་འགོད་པ་དང་། གལ་ཏེ་འགོད་ན་རྩོམ་ཁུངས་དང་སྦྲེལ་ཐག་གསལ་པོར་དགོད་པར་ཞུ།ལྷག་པར་འཕྲིན་སྟེགས་དག་གིས་འགོད་དུས原创བྱས་ཏེ་འགོད་མི་ཆོག

དྲ་བའི་སྦྲེལ་ཐགhttp://www.tb1025.cn 


བརྒྱུད་འགོད།