རོང་བོ་དགོན་ཆེན་གྱི་དགེ་བའི་བཤེས་གཉེན་དགེ་ལེགས་རྒྱ་མཚོ་ཚང་ངོ་སྤྲོད་མདོར་བསྡུས།
རོང་བོ་དགོན་ཆེན་གྱི་དགེ་བའི་བཤེས་གཉེན་དགེ་ལེགས་རྒྱ་མཚོ་ཚང་ངོ་སྤྲོད་མདོར་བསྡུས། རྩོམ་པ་བོ། རོང་བོ་བློ་གྲོས་བརྟན་པ། བླ་མ་སློབ་ཟུར་བ་དགེ་བཤེས་དགེ་ལེགས་རྒྱ་མཚོ་མཆོག་ནི། ༡༩༦༣ལོར་ཡབ་དཀོན་མཆོག་སྐྱབས་དང་ཡུམ་ལྕགས་མོ་ཚེ་རིང་གཉིས་ཀྱི་སྲས་སུ་རྒྱལ་བོ་ལྡོང་ངེ་ནས་སྐུ་འཁྲུངས།
༡༩༨༡ལོར་ཀུན་སྤངས་སེམས་དཔའ་ཆེན་མོ་འཇའ་མོའི་ཨ་ཁུ་ཚང་༸ རྗེ་བཙུན་དགེ་འདུན་ཆོས་འཕེལ་དཔལ་བཟང་བོ་ལས་དགེ་ཚུལ་བསྒྲུབས། རོང་བོ་དགོན་ཆེན་གྲྭ་ཚང་ཐོས་བསམ་གླིང་དུ་ཞུགས་ནས་བསམ་སྦྱོར་གཉིས་ཀྱིས་བཤེས་གཉེན་བསྟེན་པ་ལ་ཟླ་དང་བྲལ་བ་ཧོར་རྒྱའི་དགེ་བཤེས་འཇིགས་མེད་ཆོས་འབྱོར་མཆོག་དང་ལྕང་ལུང་དགེ་འདུན་ཕུན་ཚོགས་རྣམ་གཉིས་ལས་བསྡུས་གྲྭ་དང་བློ་རྟགས་སོགས་ལ་སྦྱངས། ༸ གསེར་ཁྲི་རྡོ་རྗེ་འཆང་མཁས་བཙུན་ལུང་རིགས་རྒྱ་མཚོ་ལས་བསྙེན་པར་རྫོགས། ཡོངས་འཛིན་བླ་མ་རྗེ་དགེ་འདུན་བསྟན་འཛིན་ཚང་ལས་ཕར་ཕྱིན་ནས་བཟུང་བའི་གཞུང་ཆེན་དག་གི་དཔེ་ཁྲིད་དང་། ༸ རྗེ་ཡབ་སྲས་གསུམ་གྱི་བཀའ་འབུམ་གྱི་ལུང་ལ་གསན།
༡༩༩༡ལོར་བླ་མ་སློབ་ཟུར་བ་དགེ་བཤེས་དགེ་ལེགས་རྒྱ་མཚོ་ཁོང་གི་འཛིན་གྲྭས་ཡོངས་འཛིན་བླ་མ་རྗེ་དགེ་འདུན་བསྟན་འཛིན་མཆོག་ལ་གསོལ་བ་བཏབ་ངོར།པཎ་ཆེན་བཅུ་བའི་གཟིམ་ཁང་གི་ཚོམས་ནས་བླ་གྲྭ་ཉིས་བརྒྱ་ཙམ་ལ། གནས་ལྔ་རིག་པ་འཇིགས་མེད་དམ་ཆོས་རྒྱ་མཚོའི་གསུང་འབུམ་གྱི་ལུང་གང་ཡོད་དང་། རྟོག་བདུན་རྒྱུད་འགྲེལ་ཆེན་མོ། ལམ་རིམ་བསྟན་འཛིན་བྱེ་བའི་འབྱུང་གནས་སམ་ལམ་རིམ་ཚིགས་བཅད་མར་གྲགས་པ། རིགས་ལྡན་རྟོགས་བརྗོད། རྗེའི་ཁྱད་པར་འཕགས་བསྟོད་རྣམས་ཀྱི་བཤད་ལུང་གནང་། འཕགས་པ་ཉེ་བར་ཆེན་མོ་རྗེ་བཙུན་༸ དགེ་འདུན་ཆོས་འཕེལ་ལས་དོན་གཉེར་ཅན་རྣམས་དང་མཉམ་དུ་པཎ་ཆེན་བདེ་ལེགས་ཉི་མའི་འདུལ་བའི་དཔེ་ཁྲིད་ཐོབ།
༡༩༩༩ལོར་ལ་མོ་ཡོངས་འཛིན་རིན་པོ་ཆེའི་མདུན་ནས་གུར་ལྷ་བཅུ་གསུམ་གྱི་རྗེས་གནང་ལ་གསན། ༢༠༠༠ལོར་གྲྭ་ཚང་ཐོས་བསམ་གླིང་གི་དགེ་བསྐོས་དང་།༢༠༠༢ལོར་ཚོགས་ཆེན་ཞལ་ངོ་ལ་བསྐོས་ཏེ་དགུང་ལོ་བཞི་བཅུའི་བར་དུ་དགོན་ཆེན་གྱི་ཁྲི་དྲུག་ལས་ཁྲི་གཉིས་ལ་བཞུགས། སྔ་ཕྱིར་བླ་མ་བསེ་རྡོ་རྗེ་འཆང་དང་གཡེར་གཤོང་ཆོས་པ་རིན་པོ་ཆེ་ལས་དབང་རྡོ་རྗེ་ཕྲེང་བ་དང་རྗེས་གནང་བཅས་མང་དུ་ཐོབ།
༢༠༠༦ལོར་དགོན་པའི་ཆོས་འཆད་ཉན་ཇེ་རྒྱས་ཇེ་ལེགས་སུ་གཏོང་ཆེད། ༸ སྐྱབས་མགོན་ཐམས་ཅད་མཁྱེན་པ་དང་བཀའ་བགྲོས་འོག་སློབ་གཉེར་འཛིན་སྐྱོང་ཚོགས་པ་གསར་དུ་བཙུགས་ཏེ། ཁོང་རིན་པོ་ཆེ་ཚོགས་གཙོ་དང་། བཀའ་དྲིན་མཚུངས་མེད་བཤེས་གཉེན་བློ་བཟང་ཆོས་གྲགས་ཚང་། བླ་མ་སློབ་ཟུར་བ་ལྷ་རམས་པ་བསྟན་འཛིན་ཆོས་འཕེལ་ཚང་། བླ་མ་སློབ་ཟུར་བ་དགེ་ལེགས་རྒྱ་མཚོ་ཚང་། བླ་མ་སློབ་ཟུར་བ་འཇམ་དབྱངས་ཆོས་འཕེལ་ཚང་། སྐབས་དེའི་དགེ་བསྐོས་ལས་ཐོགས་པ་རྒན་ཧོར་རྒྱ་བློ་བཟང་ལགས་ཚོགས་གཙོ་གཞོན་པ། སྐབས་དེའི་ཚོགས་ཆེན་དབུ་མཛད་ལས་ཐོགས་པ་རྒན་བསྟན་འཛིན་རྒྱ་མཚོ་འདི་རྣམ་པ་ཚོས་སྐབས་དང་བོའི་སློབ་གཉེར་འཛིན་སྐྱོང་ཚོགས་པའི་འགན་བཞེས་ཏེ་ལོ་འཁོར་གསུམ་གྱི་རིང་ལ་འཆད་ཉན་ལ་ཞབས་འདེགས་བླ་མེད་མཛད། སྐབས་འདི་ཞིག་ནས་ཁྲི་དྲུག་ལས་བླ་མ་གཞུང་ལས་པ་ཞེས་པ་དེང་སང་དངོས་སུ་བསྐོ་རྒྱུ་མེད་ཀྱང་དེའི་ཚབ་ལྟ་བུར་རྩི་བཞིན་པ་དེར་བཞུགས་ཏེ་བཞི་བའི་དམ་བཅའ་ཆེན་མོའི་ཐོག་མའི་རྟགས་གསལ་གཏོང་མཁན་ལ་ལོ་དུ་མར་བཞེངས།
༢༠༡༠ལོ་ནས་ཆེས་མཐོའི་ཁྲི་བླ་མ་སློབ་ཆུང་བར་ལོ་ལྔ་ལ་བཞུགས་ནས་ཆོས་ཐོགས་རེ་རེའི་བརྩི་བཞག་དང་གསོ་སྦྱོང་གི་སོར་མདོ་སྒྲ་དག་གསལ་གསུམ་གྱིས་དང་བའི་ཡིད་འདྲེན་པ་ཞིག་སྐྱོར། བསྒྲུབ་བྱ་བརྒྱ་ཕྲག་མང་བོར་དགེ་ཚུལ་སློང་གི་སྡོམ་རྒྱུན་གནང་མྱོང་ལ། ངེས་པའི་དོན་དུའང་གནས་བརྟན་འདུལ་བ་འཛིན་པ་དང་བྱ་བ་ཉུང་བ་དོན་ཉུང་བ་དགེ་བཤེས་འདི་བ་ལས་སུ་ལྟ་བུར་སྣང་།
༢༠༡༨ལོ་ནས་སླར་ཡང་ལོ་འཁོར་གསུམ་ལ་བླ་མ་སློབ་ཆུང་བར་བསྐོས་ཤིང་དབྱར་གནས་སྐབས་སུ་སོར་མདོ་རྒྱས་པ་གསུངས་ཏེ་ཐམས་ཅད་མགུ་བར་མཛད།༢༠༢༢ལོར་གྲྭ་ཚང་འདུ་ཁང་བསྐྱར་གསོའི་ཆོས་སྟོན་སྐབས་༸ སྐྱབས་མགོན་ཐམས་ཅད་མཁྱེན་པ་སྐུ་ཕྲེང་བརྒྱད་པ་ཆེན་མོས་ལམ་རིམ་འཇམ་དཔལ་ཞལ་ལུང་གི་ཁྲིད་སྩལ་པ་སོགས་སྔ་ཕྱིར་ཁོང་གི་སྐུ་མདུན་ནས་དབང་དང་བཀའ་ཆོས་མང་དུ་གསན། ལོ་ངོ་སུམ་ཅུ་ལྷག་ལ་བསྡུས་གྲྭ་ནས་བཟུང་གཞུང་ཆེན་བཀའ་པོད་ལྔའི་དཔེ་ཁྲིད་གནང་ཞིང་། ད་ལྟ་ཡང་ལེགས་བཤད་གསེར་གྱི་ཕྲེང་བ་སོགས་འདོད་རྒུའི་ཆར་དུ་འབེབས་བཞིན་བཞུགས་ལགས་སོ།།
རྩོམ་སྒྲིག་པ། ཤེས་རབ་རལ་གྲི།
གསལ་འདེབས།
རྩོམ་འདིའི་པར་དབང་ངེད་དགེ་ལུགས་པའི་དྲ་བར་གཏོགས་པས་གང་འདོད་དུ་གཞན་དུ་མི་འགོད་པ་དང་། གལ་ཏེ་འགོད་ན་རྩོམ་ཁུངས་དང་སྦྲེལ་ཐག་གསལ་པོར་དགོད་པར་ཞུ།ལྷག་པར་འཕྲིན་སྟེགས་དག་གིས་འགོད་དུས原创བྱས་ཏེ་འགོད་མི་ཆོག
དྲ་བའི་སྦྲེལ་ཐགhttp://www.tb1025.cn