རོང་བོ་དགོན་ཆེན་གྱི་དགེ་བའི་བཤེས་གཉེན་འཇིགས་མེད་ལུང་རིགས་ཚང་ངོ་སྤྲོད་མདོར་བསྡུས།
བྱ་བཏང་བ་རྣལ་འབྱོར་བ་ཆེན་མོ་དགེ་བའི་བཤེས་གཉེན་འཇིགས་མེད་ལུང་རིགས་ཚང་ནི། ༡༩༥༧ལོར་ཡབ་ཆ་རྒྱ་དང་ཡུམ་གཡང་མོ་སྐྱིད་གཉིས་ཀྱི་སྲས་སུ་རེབ་གོང་དཔྱི་ས་འབྲོག་ནས་སྐུ་འཁྲུངས།
དགུང་ལོ་ཉེར་ལྔའི་སྟེང་ངེས་འབྱུང་གིས་རྒྱུད་བསྐུལ་ཏེ་ཁྱིམ་སྤངས་ནས་ ༸ གསེར་ཁྲི་རྡོ་རྗེ་འཆང་ལས་དགེ་ཚུལ་སློང་གི་སྡོམ་པ་དཀྱུས་གཅིག་ཏུ་བཞེས། རོང་བོ་དགོན་ཆེན་དང་ལྷ་སའི་སེ་ར་གཉིས་ནས་སྐྱེས་ཆེན་མང་བོའི་ཞབས་ལ་གཏུགས་ཏེ་མདོ་ཕྱོགས་བཀའ་པོད་ལྔ་དང་སྔགས་རྒྱུད་སྡེ་ལ་དཀའ་སྤྱད་རྡོ་རུས་ཐུག་པ་གནང་། ཡོངས་འཛིན་བླ་མ་རྗེ་དགེ་འདུན་བསྟན་འཛིན་ཚང་དང་ཀུན་སྤངས་སེམས་དཔའ་ཆེན་མོ་དགེ་འདུན་ཆོས་འཕེལ་ཚང་། སྟག་ཡན་པ་རྗེ་དགེ་འདུན་རྒྱ་མཚོ་ཚང་། གཡེར་གཤོང་ཆོས་པ་རིན་པོ་ཆེ་འཇམ་དབྱངས་དགེ་འདུན་རྒྱ་མཚོ་བཅས་ལས་ལུང་ཁྲིད་མང་དུ་ཐོབ།
༢༠༠༠ལོ་ཙམ་ཞིག་ནས་སྒྲུབ་པ་སྙིང་བོར་མཛད་དེ་འཇིགས་བྱེད་བསྙེན་ཆེན་ལ་བསྟུད་མུར་ལོ་གསུམ་ལ་བཞུགས། རིམ་གྱིས་མཚོ་སྙིང་དང་རེབ་གོང་གི་གྲུབ་གནས་སོགས་སུ་བྱ་བྲལ་ལ་ཕེབས། དགེ་འདུན་མང་ཚོགས་བསགས་པའི་ཡུལ་ཁྱད་པར་ཅན་དུ་གཟིགས་ཏེ་སེ་འབྲས་དགེ་གསུམ་དང་རོང་བོའི་ཆོ་འཕྲུལ་སྨོན་ལམ་ཆེན་མོ། དགའ་ལྡན་ལྔ་མཆོད་རྣམས་སུ་ཁོང་གི་ཕྱག་ཡོང་དང་དད་ལྡན་སྦྱིན་བདག་དག་གིས་འབྲེལ་ཐོགས་ཚུལ་གྱིས་བསྙེན་བཀུར་བླ་མེད་བགྱིས།
༢༠༠༨ནས་བཟུང་ཁོང་གིས་དབུ་ཁྲིད་དེ་རྗེ་དཔྱི་ས་དྲུང་ཆེན་པའི་སྐུ་སྔ་ཕྱིའི་དད་ལྡན་རྣམས་ཀྱིས་༸སྐྱབས་མགོན་ཐམས་ཅད་མཁྱེན་པ་ལོ་བཞི་ལ་དཔྱི་སར་གདན་དྲངས་ཏེ་སྐྱབས་འགྲོ་སོགས་ལུང་ཁྲིད་དུ་མ་དང་། ༢༠༡༡ལོར་སེམས་བསྐྱེད་མཆོད་པ་གསུངས་ཏེ་ཆོས་སྦྱིན་རྒྱ་ཆེར་གནང་། དེ་མུར་བསེ་ཡི་རྒྱལ་བ་བྱང་ཆུབ་ཀྱི་སྒྲུབ་གནས་རེབ་གོང་སྐྱ་རྒན་དུ་བྱ་བྲལ་ལ་ཕེབས་ཤིང་། བྱ་བྱེའུ་ལས་མེད་པའི་དབེན་གནས་དེ་འདྲ་ཞིག་ཡིན་ཡང་ཆེད་དུ་བྲོ་རེ་ཁྱེར་ནས་ཡོང་མཁན་རྣམས་ཀྱང་མདུན་དྲུང་དུ་མི་ཆུད་པར་གནང་སྟེ། སྒྲུབ་བརྩོན་ལྷོད་མེད་མཛད། དེའི་བར་སོགས་ནས་ཕྱག་མང་བོ་འབུལ་ཏེ་མཐར་འབུམ་དྲུག་ཅུ་ལྷག་ལ་བུད།
༢༠༢༠ ལོའི་མཇུག་ནས་རྐྱེན་རེའི་དབང་གིས་དགོན་ཆེན་གྱི་གཟིམ་ཤག་ཏུ་ཕྱགས་ཕེབས། རོང་བོ་དགོན་ཆེན་གྱི་དཔེ་ཁྲིད་རྒན་ཆེ་ཤོས་སུ་གྱུར་པ་དགེ་བཤེས་འཇིགས་མེད་བཟང་བོས་གསོལ་བ་བཏབ་པ་ལྟར། ཧོར་ཟླ་བཅུ་གཉིས་པའི་ཚེས་གཅིག་ནས་དབུ་བརྩམས་ཏེ་༸རྗེ་ཐམས་ཅད་མཁྱེན་པའི་བཀའ་འབུམ་དང་ཡབ་རྗེ་བླ་མའི་གསུང་འབུམ་གྱི་ལྗགས་ལུང་གསུངས། དགེ་བཤེས་འཇིགས་མེད་བཟང་བོ་སྔར་བསྡུས་གྲྭ་ནས་བཟུང་བསྐྱངས་ཤིང་མཛོད་ཊིཀ་ཐར་ལམ་གསལ་བྱེད་སོགས་ཀྱི་ཁྲིད་རྒྱུན་མང་དུ་གནང་།
༢༠༢༡ལོའི་དབྱར་ཐོག་རྗེ་སྐུ་འབུམ་བྱམས་པ་གླིང་དུ་ཕེབས་ཏེ་གསེར་སྡོང་ཆེན་མོའི་མདུན་ནས་སྔ་མོ་ཆུ་ཚོད་གཉིས་པ་ཙམ་ནས་བཞེངས་ཏེ་ཕྱག་ཕུལ་པ་དང་ཉིན་རེའི་དགེ་སྦྱོར་ཆག་མེད་ཀྱིས་ལོ་ཕྱེད་ཙམ་ལ་ཟླ་རེར་ཕྱག་འབུམ་རེ་དང་། ཕྱིས་སུ་གཟིམ་ཤག་ནས་ཕུལ་པ་སོགས་བརྐྱངས་ཕྱག་འབུམ་བདུན་ཅུར་ལོངས་པར་ངེས། ཧོར་ཟླ་བཅུ་བའི་ཚེས་བཞི་ནས་དྲུག་གི་བར་རྗེ་ཐམས་ཅད་མཁྱེན་པ་དང་མཁས་གྲུབ་རིན་པོ་ཆེའི་གསུང་གི་བཀའ་རྒྱ་མའི་ལུང་གསུངས། ཚེས་བརྒྱད་ནས་ཟླ་བཅུ་གཉིས་པའི་ཚེས་ལྔ་བར་དུ་སྲས་གཉིས་ཀྱི་གསུང་འབུམ་གྱི་ལུང་གསུངས།
༢༠༢༢ལོའི་དགུན་ཁར་མཁས་རྒུའི་གཙུག་རྒྱན་འཇིགས་མེད་དམ་ཆོས་རྒྱ་མཚོའི་གསུང་འབུམ་གྱི་ལུང་གསུངས། བཀའ་ཆོས་ཀྱི་སྐབས་འདི་དག་ལ་མ་གཏོགས་གྲྭ་ཤག་ཏུ་བཞུགས་ཀྱང་དུས་ཕལ་ཆེ་བར་མཚམས་ཀྱི་ངང་དུ་སྒོམ་སྒྲུབ་ལ་གནས་ཏེ་སྙིགས་དུས་འདིར་མི་ལ་རས་པ་དང་ཡབ་རྗེ་བླ་མའི་རྣམ་ཐར་ལ་འགྲན་བཟོད་པ་ལྟ་བུར་བཞུགས་ལགས་སོ།།
གུས་སློབ་པ་རོང་བོ་བློ་གྲོས་བརྟན་པས་བྲིས།
རྩོམ་སྒྲིག་པ། ཤེས་རབ་རལ་གྲི།
གསལ་འདེབས།
རྩོམ་འདིའི་པར་དབང་ངེད་དགེ་ལུགས་པའི་དྲ་བར་གཏོགས་པས་གང་འདོད་དུ་གཞན་དུ་མི་འགོད་པ་དང་། གལ་ཏེ་འགོད་ན་རྩོམ་ཁུངས་དང་སྦྲེལ་ཐག་གསལ་པོར་དགོད་པར་ཞུ།ལྷག་པར་འཕྲིན་སྟེགས་དག་གིས་འགོད་དུས原创བྱས་ཏེ་འགོད་མི་ཆོག
དྲ་བའི་སྦྲེལ་ཐགhttp://www.tb1025.cn