དགེ་བའི་བཤེས་གཉེན་འགར་རྩེ་དགེ་འདུན་བསྟན་འཛིན་ངོ་སྤྲོད་མདོར་བསྡུས།
དགེ་བའི་བཤེས་གཉེན་ཆེན་མོ་འགར་རྩེ་དགེ་འདུན་བསྟན་འཛིན་དཔལ་བཟང་བོ་མཆོག་ནི་རོང་འབྲོག་ཚོ་བ་ལྔའི་ཡ་གྱལ་ཞོ་འོང་གཉན་རྒྱལ་དུ་ཡབ་མགོན་པོ་ཚེ་རིང་དང་ཡུལ་སྙིང་མོ་བྱམས་གཉིས་ཀྱི་སྲས་སྤྱི་ལོ1966ལོའི་ཧོར་ཟླ11པའི་ཚེས29ཉིན་སྐུ་འཁྲུངས། དགུང་ལོ་བརྒྱད་ཀྱི་སྟེང་སློབ་ཆུང་དུ་ཕེབས། དགུང་ལོ་བཅུ་གསུམ་སྟེང་སློབ་ཆུང་མཐར་ཕྱིན།
དགུང་ལོ་བཅུ་བཞི་བཞེསཔ་སྤྱི་ལོ1980ལོའི་ཧོར་ཟླ12པའི་ཚེས15ཉིན་བླ་བྲང་བཀྲིས་འཁྱིལ་གྱི་དགེ་བའི་བཤེས་གཉེན་ཆེན་མོ་རྗེ་དགེ་འདུན་རྒྱ་མཚོ་མཆོག་གི་མདུན་ནས་རབ་ཏུ་བྱུང་དགེ་ཚུལ་གྱི་སྡོམ་པ་བཞེས་ཏེ་མཚན་ལ་དགེ་འདུན་བསྟན་འཛིན་ཅེས་གསོལ།
དགུང་ལོ་བཅོ་ལྔ་བཞེས་པ་སྤྱི་ལོ1981ལོའི་ཧོར་ཟླ1པོའི་ཚེས11ཉིན་ཚོ་ལྔ་ཆོས་རིག་འབྱུང་བའི་ཞིང་ཁམས་ཀྱི་ཡང་ཉིང་གྱ་ས་འགར་རྩེ་དགོན་ཐུབ་བསྟན་ཆོས་འཁོར་གླིང་གི་ཆོས་སྒོར་ཞུགས། དེ་ནས་བཟུང་འགར་རྩེ་བླ་མ་སྐུ་ཕྲེང་བརྒྱད་པ་དོན་གྱི་སླད་དུ་མཚན་ནས་སྨྲས་ན༧རྗེ་སྐལ་བཟང་བསྟན་པ་རྒྱ་མཚོ་དཔལ་བཟང་མཆོག་དང་ཀུན་མཁྱེན་འཇམ་དབྱངས་བཞད་པ་སྐུ་ཕྲེང་དྲུག་པའི་ཡོངས་འཛིན་ངེས་པ་དོན་གྱི་དགེ་བའི་བཤེས་གཉེན་ཆེན་མོ་རྗེ་བསམ་གཏན་རྒྱ་མཚོ་དཔལ་བཟང་བོ་མཆོག་གཉིས་ཚུལ་བཞིན་དུ་བསྟེན་ཏེ་མདོ་སྔགས་རིག་གནས་དང་བཅས་པ་ལ་ཐོས་བསམ་རྒྱ་ཆེར་མཛད་པ་ལ་བརྟེན་ནས་ཁོང་རྣམ་གཉིས་ཀྱི་ཐུགས་སྲས་སུ་གྱུར། ཀུན་གཟིགས་པཎ་ཆེན་སྐུ་ཕྲེང་བཅུ་བ་མཆོག་གིས་བླ་བྲང་བཀྲིས་འཁྱིལ་གྱི་ཡོངས་ཀྱི་དགེ་བའི་བཤེས་གཉེན་ཆེན་མོ༧རྗེ་དམ་ཆོས་རྒྱ་མཚོ(སྒེའུ་སྟེང་བློ་བཟང་དཔལ་ལྡན་གྱི་རྩོད་ཟླ་དངུལ་རའི་སྲེ་བོའི་སྲེ་ཕྲུག་ཅེས་འབོད)མཆོག་འགར་རྩེ་དགོན་པའི་དགེ་རྒན་དུ་གནང་བ་ནས་བཟུང་བསམ་སྦྱོར་གཉིས་ཀྱིས་ཚུལ་བཞིན་དུ་བསྟེན་ཏེ་གཞུང་ཆེན་བཀའ་པོད་ལྔ་ལ་ཐོས་བསམ་སྒོམ་གསུམ་ཡ་མ་བྲལ་བ་གནང་།
1993ལོར་བསེ་ཚང་སྐུ་ཕྲེང་དྲུག་པ་བློ་བཟང་དཔལ་ལྡན་ཆོས་ཀྱི་རྡོ་རྗེ་དང་འགར་རྩེ་བླ་མ་སྐུ་ཕྲེང་བརྒྱད་པ་སྐལ་བཟང་བསྟན་པ་རྒྱ་མཚོ་དཔལ་བཟང་བོ་རྣམ་གཉིས་ཀྱིས་འགར་རྩེ་ཆུང་བ་རིན་པོ་ཆེ་བློ་བཟང་འཇིགས་མེད་བསྟན་པ་རྒྱ་མཚོ་དཔལ་བཟང་བོ་མཆོག་གི་ཡོངས་འཛིན་དུ་བསྐོ་བཞག་མཛད་པར་མ་ཟད། ཚོ་འདུ་མཁན་པོ་ཚང་། སྟག་གེ་སྤྲུལ་རྣམ་གཉིས་ཀྱི་ཡོངས་འཛིན་ལའང་བཞུགས། ལྷག་པར་དུ་འགར་རྩེ་དགོན་པའི་བསྡུས་གྲྭ་འཛིན་གྲྭ་ནས་བཟུང་བཀའ་རམས་འཛིན་གྲྭའི་བར་མདོ་སྔགས་རིག་གནས་དང་བཅས་པའི་དཔེ་ཁྲིད་རྒྱ་ཆེར་གནང་བར་མ་ཟད། ས་ཕྱོགས་གཞན་ནས་ཆེད་དུ་ཕེབས་པའི་སེར་མོ་བ་དང་སྐྱ་བོ་སོགས་བློ་གསལ་དོན་གཉེར་ཅན་མང་པོར་ནང་དོན་རིག་པ་དང་ཐ་སྙད་རིག་གནས་སོགས་ཀྱི་སློབ་ཁྲིད་མང་དུ་གནང་སྟེ་མདོར་ན་སྐུ་ཚེ་གང་བོ་དཔེ་ཁྲིད་དཔེ་གཟིགས་ཀྱི་ཁྲོད་ནས་མཇུག་བསྡུས་པ་རེད།
2000ལོར་སྙིགས་དུས་ཀྱི་པཎྜི་ཏ་ཆེན་པོ་སངས་རྒྱས་བྱང་ཆུབ་སེམས་དཔའ་མི་ཡི་རྣམ་པར་བྱོན་པ་དོན་གྱི་སླད་དུ་མཚན་ནས་སྨྲས་ན་བསེ་ཁྲི་རྒན་རྡོ་རྗེ་འཆང་སྐུ་ཕྲེང་དྲུག་པ་བློ་བཟང་དཔལ་ལྡན་ཆོས་ཀྱི་རྡོ་རྗེ་གང་ཉིད་ཀྱིས་ཤར་སྐལ་ལྡན་རྒྱ་མཚོ་སྐུ་ཕྲེང་བརྒྱད་པ་མཆོག་ལ་བསྙེན་རྫོགས་ཀྱི་སྡོམ་འབུལ་སྐབས་ཁ་སྐོང་དགེ་སློང་གི་ནང་ཕེབས་དགོས་པའི་བཀའ་གནང་སྟེ་ཕེབས། དེར་མ་ཟད་རྡོ་རྗེ་འཆང་ཁོང་གིས། བསྟན་འཛིན་བསྟན་འཛིན་དབུས་ན་མཁས་དཔལ་གྱི།།སྙན་པ་སྙན་པའི་གྲགས་པ་ཕྱོགས་སུ་འཕུར།།ཅེས་བསྟོད་བསྔགས་ཀྱང་མཛད་མྱོང་།
2000ལོར་བསེ་ཁྲི་རྒན་རྡོ་རྗེ་འཆང་སྐུ་ཕྲེང་དྲུག་པ་བློ་བཟང་དཔལ་ལྡན་ཆོས་ཀྱི་རྡོ་རྗེ་མཆོག་དང་བཀའ་དྲིན་གསུམ་ལྡན་གྱི་རྩ་བའི་བླ་མ་འགར་རྩེ་བླ་མ་སྐུ་ཕྲེང་བརྒྱད་པ་སྐལ་བཟང་བསྟན་པ་རྒྱ་མཚོ་དཔལ་བཟང་བོ་རྣམ་གཉིས་ཀྱི་བཀའ་གསུང་སྤྱི་བོར་བླངས་ཏེ་འགར་རྩེ་དགོན་པའི་རྡོ་རམས་པའི་དམ་བཅའ་འཇོག་པའི་སྲོལ་ཐོག་མ་ཁོང་གིས་ཕྱེས་པར་མ་ཟད། འགར་རྩེ་དགོན་པའི་ཁྲི་བའི་འགན་བཞེས་ཏེ་དགོན་པའི་ཆོས་འཆད་ཉན་གྱི་ཐད་དུ་རླབས་ཆེན་གྱི་ལས་དོན་མང་དུ་མཛད་པར་མ་ཟད། སྤྱིར་བསྟན་འགྲོར་སྨན་པའི་རླབས་ཆེན་གྱི་མཛད་པ་མང་དུ་ཡོད་པ་ནི་བརྗོད་ཀྱིས་མི་ལངས།
དགུང་ལོ་སོ་དྲུག་བཞེས་པ་སྤྱི་2002ལོའི་ཧོར་ཟླ6པའི་ཚེས1ཉིན་གྱི་ཕྱི་དྲོའི་དུས་ཚོད8དང་སྐར་མ5སྟེང་འགར་རྩེ་དགོན་ཐུབ་བསྟན་ཆོས་འཁོར་གླིང་དུ་དགོངས་པ་ཆོས་དབྱིངས་སུ་བསྡུས་པའི་ཚུལ་བསྟན། ཁོང་གི་གསུང་རྩོོམ་ལ། མཐའ་བྲལ་དབུ་མའི་དོན་ལས་འཕྲོས་པའི་དཔྱད་པ་ལུང་རིགས་རྡོ་རྗེའི་མཚོན་ཆ་དང་། ལུང་འགལ་གྱི་རྣམ་བཞག་བཤད་པ་བློ་གསར་ཡིད་ཀྱི་དགའ་སྟོན། གྲུབ་མཐའ་སྨྲ་བ་བཞིའི་བདེན་གཉིས་ཀྱི་དོན་བཤད་པ་ལེགས་བཤད་བདུད་རྩིའི་ཉིང་ཁུ་སོགས་ཕྱོགས་གཅིག་ཏུ་བསྡུས་ཏེ་འགར་རྩེ་བསྟན་འཛིན་གྱི་གསུང་རྩོམ་ཅེས་པོད་གཅིག་པར་དུ་བསྐྲུན་ཡོད། དམ་པ་ཁོང་གི་སློབ་མའི་གྲས་སུ་གཏོགས་པ་འགར་རང་འབར་རམ་རེབ་གོང་བ་སོགས་སུ་འབོད་པས་བྲིས།
རྩོམ་སྒྲིག་པ། ཤེས་རབ་རལ་གྲི།
གསལ་འདེབས།
རྩོམ་འདིའི་པར་དབང་ངེད་དགེ་ལུགས་པའི་དྲ་བར་གཏོགས་པས་གང་འདོད་དུ་གཞན་དུ་མི་འགོད་པ་དང་། གལ་ཏེ་འགོད་ན་རྩོམ་ཁུངས་དང་སྦྲེལ་ཐག་གསལ་པོར་དགོད་པར་ཞུ།ལྷག་པར་འཕྲིན་སྟེགས་དག་གིས་འགོད་དུས原创བྱས་ཏེ་འགོད་མི་ཆོག
དྲ་བའི་སྦྲེལ་ཐགhttp://www.tb1025.cn