འབྲས་སྤུངས་སྒོ་མང་གྲྭ་ཚང་གི་དགེ་བཤེས་ཁྲི་ཀ་སངས་རྒྱས་རྒྱ་མཚོ་ངོ་སྤྲོད་མདོར་བསྡུས།
༧འབྲས་སྤུངས་སྒོ་མང་གྲྭ་ཚང་གི་དགེ་བཤེས་ཁྲི་ཀ་སངས་རྒྱས་རྒྱ་མཚོ་མཆོག་ནི་རབ་བྱུང་བཅུ་དྲུག་པའི་མེ་འབྲུག་ཕྱི་ལོ༡༩༧༦ལོར་མདོ་སྨད་ཁྲི་ཀ་རྫོང་འཕྲང་དམར་ཡུལ་ཚོའི་སྒང་མཐའ་སྡེ་བར་ཡུམ་པདྨ་སྐྱིད་ཀྱི་སྲས་སུ་འཁྲུངས། མིང་སྲིང་དྲུག་ཡོད་པ་ལས་ཁོང་ནི་ལྔ་པ་ཡིན།
དགུང་ལོ་བརྒྱད་ནས་གླིང་ཚའི་སློབ་ཆུང་འགྲིམས་ཤིང་དགུང་ལོ་བཅུ་གསུམ་པ་ཕྱི་ལོ༡༩༨༨ལོར་བླ་བྲང་བཀྲ་ཤིས་འཁྱིལ་གྱི་དགེ་བཤེས་བྱ་བཏང་བ་གནས་བརྟན་འདུལ་བ་འཛིན་པ་ཆེན་མོ་ཨ་ཁུ་བློ་ལྡན་རྒྱ་མཚོ་མཆོག་ལས་དགེ་ཚུལ་གྱི་སྡོམ་པ་བཞེས་ཏེ་སེར་རྒྱ་དགོན་བཀྲ་ཤིས་དགེ་འཕེལ་གླིང་གི་ཆོས་སྒོར་ཞུགས། དེར་སྨོན་ལམ་རྣམ་ལྔ་དང་། གསང་འདུས།ཀུན་རིག འཇིགས་བྱེད།མགོན་ཆོས་སོགས་ཐུགས་འཛིན་གནང་སྟེ། ཕྱག་ལེན་མཐའ་དག་ལེགས་པར་བསླབས།
ཁྱབ་བདག་རྡོ་རྗེ་འཆང་ལཱ་མོ་ཡོངས་འཛིན་རིན་པོ་ཆེས་ཞལ་སྔ་ནས་དང་།ཨ་ཁུ་རིན་པོ་ཆེ་བློ་ལྡན་རྒྱ་མཚོ་དང་།དགེ་རྒན་བཀའ་དྲིན་ཅན་ཁྲི་ཀའི་རབ་འབྱམས་པ་ངག་དབང་ཀུན་བཟང་བཅས་ཀྱི་དྲུང་ནས་དབང་དང་ལམ་རིམ་བློ་སྦྱོང་།སུམ་རྟགས་དག་གསུམ་གཙོ་བོར་བྱས་ཏེ།ཆོས་དང་ཐུན་མོང་རིག་གནས་ལ་སྦྱངས་པ་བྱེད་མགོ་བརྩམས།
དགུང་ལོ་བཅོ་བརྒྱད་བཞེས་པ་ཕྱི་ལོ༡༩༩༣ལོར་རྗེ་བཙུན་བླ་མ་དམ་པ་སྐུ་ཕྱོགས་ཀེ་ཀྱཱ་རིན་པོ་ཆེའི་གསུང་གི་བཀོད་པ་སྤྱི་བོར་བླངས་ནས་དབུས་སུ་ཕེབས།མཁས་གྲུབ་བྱེ་བའི་འབྱུང་གནས་དཔལ་ལྡན་འབྲས་སྤུངས་བཀྲ་ཤིས་སྒོ་མང་གྲྭ་ཚང་གི་ཆོས་གྲྭར་ཞུགས། དགེ་བའི་བཤེས་གཉེན་ཆེན་མོ་སོག་པོ་རྒན་བསྟན་འཛིན་དང་། རྒན་ཆོས་འཕེལ་རྣམ་རྒྱལ།རྒན་ཡེ་ཤེས་རྒྱལ་མཚན་གསུམ་ཚུལ་བཞིན་དུ་བསྟེན་ནས་བློ་རྟགས་བསྡུས་གསུམ། གྲུབ་དོན་ས་གསུམ། ཀུན་མཁྱེན་ཕར་ཕྱིན་མཐའ་དཔྱོད་ཟུར་བཀོད་དང་བཅས་པ། དབུ་མ་ཆེན་མོ། མཛོད་འདུལ་གྱི་མཐའ་དཔྱོད།
གཞན་ཡང་རྒན་ལམ་རིམ་པ་ཆེན་མོའི་མདུན་ནས་བྱང་ཆུབ་ལམ་རིམ་ཆེན་མོ་དང་། ཨ་ཁུ་ཤེས་རབ་ཆོས་འཕེལ་ཚང་གི་མདུན་ནས་དབྱངས་ཅན་སྒྲ་མདོ། ཁྲི་ཀའི་རབ་འབྱམས་པ་ཨ་ཁུ་ཀུན་བཟང་ཚང་གི་མདུན་ནས་རྒྱ་རྩིས་དང་སྐར་རྩིས་སོགས་གཞུང་ཆེན་བཀའ་པོད་ལྔ་གཙོ་བྱས་པའི་ཐུན་མོང་རིག་གནས་སྣ་ཚོགས་ལ་མི་ལོ་ཧྲིལ་བོ་བཅུ་དགུ་ཙམ་གྱི་རིང་ལ་མཚན་མོའི་གཉིད་དང་། ཉིན་གྱི་ཟས་བཅགས་ནས་སློབ་སྦྱོང་རྡོ་རུས་ཐུག་པ་གནང་བས་མཚན་སྙན་གྱི་གྲགས་པ་ཕྱོགས་བཞིར་རྒྱས།
དགུང་ལོ་ཉེར་དྲུག་པ་ཕྱི་ལོ༢༠༠༡ལོར་འབྲས་སྤུངས་སྒོ་མང་གྲྭ་ཚང་གི་དགེ་བའི་བཤེས་གཉེན་ཆེན་མོ་རྗེ་བཙུན་ཆོས་འཕེལ་རྣམ་རྒྱལ་མཆོག་གི་ཞལ་སྔ་ནས་དགེ་སློང་གི་སྡོམ་པ་བཞེས། དགུང་ལོ་སུམ་བཅུ་པ་ནས་དགེ་རྒན་རིན་པོ་ཆེའི་བཀའ་བཞིན་དུ་སྒོ་མང་གྲྭ་ཚང་གི་དགེ་རྒན་གྱི་འགན་ཁུར་ཏེ་བློ་རྟགས་བསྡུས་གསུམ་གྱི་དཔེ་ཁྲིད་དང་།དབུ་ཕར་གྱི་འཕྲོས་པ་མཛད།
དགུང་ལོ་སོ་གསུམ་པ་ཕྱི་ལོ༢༠༠༨ལོར་མདོ་སྨད་དུ་ཕེབས་ཤིང་། སེར་རྒྱ་དགོན་དང་བིས་མདོ་དགོན་ཆེན་དུ་སུམ་རྟགས་དང་ཚད་མ་རྣམ་འགྲེལ་གྱི་དཔེ་ཁྲིད་གནང་། དགུང་ལོ་སོ་ལྔ་པ་ཕྱི་ལོ༢༠༡༠ལོར་དྷཱིཿཚ་བཀྲ་ཤིས་ཆོས་སྡིངས་སུ་དགེ་བའི་བཤེས་གཉེན་ཆེན་མོ་རྗེ་གྲགས་པ་ཚང་དང་སྐུ་འབུམ་བྱམས་པ་གླིང་དུ་སྤྲུལ་བའི་སྐུ་རིན་པོ་ཆེ་རྗེ་ཀེ་ཀྱཱ་རྣམ་གཉིས་ཀྱི་མདུན་ནས་གསང་ཆེན་རྒྱུད་སྡེ་བཞི་ཡི་ཁྲིད་ཞུས། ལོ་དེ་ནས་བཟུང་གསེར་ལག་དགོན་དགའ་ལྡན་ཕུན་ཚོགས་བཤད་སྒྲུབ་བསྟན་རྒྱས་གླིང་གིས་ཆེད་ཞུས་དགེ་རྒན་དུ་ཕེབས་ཏེ་གཞུང་ཆེན་བཀའ་པོད་ལྔ། ཟུར་བཀོད་དང་བཅས་པར་དཔེ་ཁྲིད་ཆག་མེད་གནང་ཞིང་སློབ་མ་མང་དུ་བསྐྱངས།
དགུང་ལོ་སོ་བདུན་པ་ཕྱི་ལོ༢༠༡༢ལོར་དགེ་བའི་བཤེས་གཉེན་ཆེན་མོ་འབོ་ར་ཡོན་ཏན་ཚང་ལས་རྣམ་འགྲེལ་ཐར་ལམ་གསལ་བྱེད་དང་། དབུ་མ་རྩ་ཤེས་འཇུག་པ་རང་འགྲེལ་སོགས་གཞུང་ཆེན་ཁག་གི་ཁྲིད་རྒྱུན་གསན། མང་རྫོང་མཐོ་ལེ་དགོན་གྱིས་ཆེད་ཞུས་དགེ་རྒན་དུ་ཕེབས་ཏེ་བློ་རྟགས་བསྡུས་གསུམ་ནས་གཞུང་ཆེན་བཀའ་པོད་ལྔའི་དཔེ་ཁྲིད་ཕྱོགས་ཡོངས་ཀྱི་སློབ་གཉེར་བ་མང་པོར་བསྩལ།
དགུང་ལོ་སོ་བརྒྱད་པ་ཕྱི་ལོ༢༠༡༣ལོ་ནས་བཟུང་དུས་ཚོད་གང་ཡོད་ཀྱིས་ཡུལ་ཤུལ་སྐྱོ་བྲག་ཁང་སྣེ་དགོན་དང་། ཁྲི་ཀ་རྫོང་མི་རིགས་བཅའ་སྡོད་སློབ་གྲྭའི་དགེ་རྒན་དག་ལ་རྣམ་འགྲེལ་གྱི་དཔེ་ཁྲིད་གནང་། དགུང་ལོ་ཞེ་གཅིག་པ་ཕྱི་ལོ༢༠༡༦ལོར་མཚོ་སྔོན་ནང་བསྟན་སློབ་གྲྭ་ཆེན་མོའི་ཡོངས་འཛིན་དུ་བསུས་ཤིང་། ཕྱི་ལོ༢༠༡༦ལོའི་མཚན་རིམས་ཕར་ཚད་འཛིན་གྲྭའི་གཞུང་གི་དཔེ་ཁྲིད་དགེ་རྒན་དང་འཛིན་བདག་དགེ་རྒན་གྱི་འགན་གཅིག་ལྕོགས་སུ་བཞེས།
དགུང་ལོ་ཞེ་གསུམ་པ་ཕྱི་ལོ༢༠༡༨ལོར་ཀྲུང་གོའི་ནང་བསྟན་མཐུན་ཚོགས་ཀྱིས་བོད་བརྒྱུད་ནང་བསྟན་དགོན་སྡེའི་ཕུལ་བྱུང་དགེ་རྒན་གྱི་མཚན་རྟགས་གནང་།
དགུང་ལོ་ཞེ་བཞི་པ་ཕྱི་ལོ༢༠༡༩ལོར་མཚོ་སྔོན་ནང་བསྟན་མཐུན་ཚོགས་ཀྱིས་ཆེས་མཐོའི་དགེ་རྒན་གྱི་མཚན་རྟགས་གནང་། ཕྱི་ལོ༢༠༢༡ལོར་མཚོ་སྔོན་ནང་བསྟན་སློབ་གྲྭའི་དགེ་རྒན་གྱི་བྱ་བར་དགོངས་ཞུ་གནང་སྟེ།གསེར་ལག་དགོན་པར་རྒྱུན་བཞུགས་ཀྱིས་དཔེ་ཁྲིད་ཆག་མེད་གནང་།
གསུང་རྩོམ་གྱི་སྐོར་ལ་སྐྱབས་འགྲོ་དང་སེམས་བསྐྱེད་ཀྱི་རྣམ་བཞག་བཤད་པ་བྱང་ཆེན་ཁང་བཟང་བགྲོད་པའི་ཐེམ་སྐས།དངོས་པོ་བརྒྱད་དང་དོན་བདུན་ཅུའི་དོགས་དཔྱོད་བློ་གསལ་རིགས་སྨྲའི་མགུལ་རྒྱན།བསྡུས་གྲྭའི་རྩ་ཚིག་དྭངས་གསལ་མེ་ལོང་གི་འབྲུ་འགྲེལ།ཀུན་མཁྱེན་བློ་རིག་གི་རྣམ་བཞག་ལེགས་བཤད་གསེར་གྱི་ཕྲེང་མཛེས་ཀྱི་དོགས་དཔྱོད་སྡེ་བདུན་རྒྱ་མཚོའི་འཇུག་ངོགས།གྲུབ་མཐའི་དཀའ་གནད་ལ་དཔྱད་པ་བཅས་པོད་ལྔ་དང་།མཛོད་ཀྱི་འགྲེལ་བ་མངོན་པའི་རྒྱན་ལས་བརྩམས་པའི་དྲི་བ་གཉིས་པའི་ལན།རྡུལ་ཕྲ་རབ་དང་དུས་མཐའི་སྐད་ཅིག་མའི་རྣམ་བཞག་མདོ་ཙམ་བརྗོད་པ།སྐབས་བཞི་པའི་འགོག་བདེན་གྱི་རྣམ་པ་བཅུ་དྲུག་ལ་དཔྱད་པ། ཕར་ཕྱིན་གྱི་བརྗེད་བྱང་། མདོ་སྨད་ཁྲི་ཀའི་སྒྲུབ་སྡེ་དམ་པ་སེར་རྒྱ་དགོན་བཀྲ་ཤིས་བྱིན་ཆགས་གླིང་གི་གདན་རབས་ཚིགས་བཅད་དུ་སྡེབ་པ་གདངས་སྙན་ལྷ་ཡི་རོལ་མོ། རྒྱན་གྱི་མཆོད་ཡུམ་ལ་དཔྱད་པ་རིག་པའི་ཆུ་གཏེར་འཕེལ་བའི་ཟླ་གཞོན།སོགས་དཔྱད་རྩོམ་གྱི་རིགས་མང་ངོ་།།
མདོར་ན་དགེ་རྒན་རིན་པོ་ཆེ་མཆོག་གིས་བསྟན་པ་དང་འགྲོ་བའི་དོན་དུ་གཞུང་ཆེན་བཀའ་པོད་ལྔ། ཐུན་མོང་རིག་གནས་དང་བཅས་པའི་དཔེ་ཁྲིད་ཅི་འདོད་དུ་གནང་སྟེ་ཆོས་ཀྱི་བདུད་རྩིས་སྐལ་ལྡན་གདུལ་བྱ་མཐའ་དག་ཚིམས་པར་མཛད་པ་མ་ཟད། ལས་གང་ལ་ཞུགས་ཀྱང་གཞལ་དུ་མེད་པའི་ལྷག་བསམ་དཀར་བོས་རྒྱལ་བའི་བསྟན་པ་རིན་པོ་ཆེ་མཆོག་ལ་མཛད་རྗེས་རླབས་པོ་ཆེ་འཇོག་དང་འཇོག་མས་སུ་བཞུགས་བཞིན་པ་ལགས་སོ། །
རྩོམ་སྒྲིག་པ། ཤེས་རབ་རལ་གྲི།
གསལ་འདེབས།
རྩོམ་འདིའི་པར་དབང་ངེད་དགེ་ལུགས་པའི་དྲ་བར་གཏོགས་པས་གང་འདོད་དུ་གཞན་དུ་མི་འགོད་པ་དང་། གལ་ཏེ་འགོད་ན་རྩོམ་ཁུངས་དང་སྦྲེལ་ཐག་གསལ་པོར་དགོད་པར་ཞུ།ལྷག་པར་འཕྲིན་སྟེགས་དག་གིས་འགོད་དུས原创བྱས་ཏེ་འགོད་མི་ཆོག
དྲ་བའི་སྦྲེལ་ཐགhttp://www.tb1025.cn