རོང་བོ་དགོན་ཆེན་གྱི་དགེ་བའི་བཤེས་གཉེན་བློ་བཟང་ཆོས་གྲགས་ཚང་ངོ་སྤྲོད་མདོར་བསྡུས།

ཡོང་ཁུངས།   དགེ་ལུགས་དྲ་བ།     སྤེལ་དུས།  2024-10-29 14:35:33     རྩོམ་པ་པོ།   པ་རོང་བོ་བློ་གྲོས་བརྟན་པ།    ཀློག་ཐེངས།  

微信图片_20241029225528.jpg

རོང་བོའི་དགེ་བཤེས་བློ་བཟང་ཆོས་གྲགས་མཆོག་ནི། རེབ་གོང་རིག་པ་འབྱུང་བའི་གྲོང་ཁྱེར་གྱི་སྨད་པ་ཧ་ར་བ་དྷི་ཞེས་པར་ཡབ་རྣམ་རྒྱལ་དང་ཡུམ་ཀླུ་མོ་མཁར་གཉིས་ཀྱི་སྲས་སུ་༡༩༦༨ལོར་སྐུ་འཁྲུངས།

དགུང་ལོ་བཅུ་དྲུག་སྟེང་སློབ་འབྲིང་མཐར་ཕྱིན་རྗེས་འཕགས་པ་ཉེ་བར་ཆེན་མོ་འཇའ་མོའི་ཨ་ཁུ་ཚང་༧རྗེ་བཙུན་དགེ་འདུན་ཆོས་འཕེལ་མཆོག་གི་དྲུང་ནས་དགེ་ཚུལ་གྱི་སྡོམ་པ་བཞེས། དགའ་ལྡན་ལྔ་མཆོད་ཆེན་མོའི་སྐབས་རོང་བོ་དགོན་ཆེན་གྱི་ཚོགས་ལ་ཞུགས་ཤིང་ཆུང་དུས་ཐུགས་འཛིན་གནང་བའི་དོན་བདུན་ཅུ་ཚོགས་རྒྱུགས་སུ་ཕུལ། 

༧སྐྱབས་མགོན་བརྒྱད་པ་ཆེན་མོའི་ཡོངས་འཛིན་རྗེ་དགེ་འདུན་བསྟན་འཛིན་དཔལ་བཟང་བོ་ལས་མགོ་བསྡུས་གྲྭ་ནས་བཟུང་བའི་གཞུང་བཀའ་པོད་ལྔ་དང་བྱང་ཆུབ་ལམ་རིམ་ཆེན་མོ། སྔགས་ཀྱི་སྟོང་ཐུན་སོགས་སྔགས་ཀྱི་སྐོར། ཐུན་མོང་རིག་གནས་དང་བཅས་པའི་དཔེ་ཁྲིད་དང་རྗེ་ཡབ་སྲས་ཀྱི་བཀའ་འབུམ་དང་ཡབ་རྗེ་བླ་མ་སྐལ་ལྡན་རྒྱ་མཚོའི་གསུང་འབུམ། མར་ནང་འཇིགས་མེད་དམ་ཆོས་རྒྱ་མཚོའི་གསུང་འབུམ་སོགས་ཀྱི་ལྗགས་ལུང་ཐོབ། དགུང་ལོ་བཅུ་དགུའི་སྟེང་གསེར་ཁྲི་རྡོ་རྗེ་འཆང་ལས་བསྙེན་པར་རྫོགས། བླ་མ་སློབ་ཟུར་བ་དགེ་འདུན་བསམ་གཏན་ཚང་ལས་བཀའ་བསྟན་གྱི་ལྗགས་ལུང་ཐོབ། བསེ་རྡོ་རྗེ་འཆང་བློ་བཟང་དཔལ་ལྡན་ལས་དབང་རྡོ་རྗེ་འཕྲེང་བ་དང་གྲུབ་དབང་འཇིགས་མེད་བསམ་གཏན་གྱི་གསུང་འབུམ་བཅས་ཀྱིས་མཚོན་པའི་དབང་ལུང་རྗེས་གནང་སོགས་མང་དུ་ཐོབ།

མཁས་དབང་དཔྱི་ས་དྲུང་ཆེན་སྤྲུལ་སྐུ་དང་ལྷན་དུ་དྲང་ངེས་ལེགས་བཤད་སྙིང་བོའི་སེམས་ཙམ་ལས་བརྩམས་ཏེ་ཚོགས་ལངས་མཛད། སེམས་དཔའ་ཆེན་པོ་རྗེ་བཙུན་དགེ་འདུན་ཆོས་འཕེལ་མཆོག་གིས་ཁོང་གཅིག་པུར་པཎ་ཆེན་བདེ་ལེགས་ཉི་མའི་འདུལ་བ་ཁྲིད། སྐྱབས་མགོན་བརྒྱད་པ་ཆེན་མོ་ལས་སྤྱོད་འཇུག་གི་ལུང་དང་སེམས་བསྐྱེད་མཆོད་པ། འཇམ་དཔལ་ཞལ་ལུང་གི་ཁྲིད་སོགས་མང་དུ་གསན། ཨ་ལགས་ཚེ་ཏན་ཞབས་དྲུང་དང་གཡེར་གཤོང་ཆོས་པ་རིན་པོ་ཆེ། ཡོངས་འཛིན་འཇིགས་མེད་ཐེག་མཆོག་དང་ཤར་གདོང་རིན་པོ་ཆེ། ལ་མོ་ཡོངས་འཛིན་ཚང་སོགས་ལས་མདོ་སྔགས་རིག་གནས་ཀྱི་ཁྲིད།  དབང་ལུང་རྗེས་གནང་དང་བཅས་པར་གསན་བསམ་ཚུལ་བཞིན་མཛད་པས་མཁས་པའི་གོ་འཕང་མཐོན་པོར་ཕེབས།

 བསྒྲུབ་བྱ་བརྒྱ་ཕྲག་མང་བོར་དགེ་ཚུལ་སློང་གི་སྡོམ་རྒྱུན་སྩལ།

གསུང་རྩོམ་ལས་ལོག་རྟོག་ཉེས་རྡུལ་སྤྲུག་པའི་རྔ་ཡབ་ཅེས་པ་ཀན་སུའུ་མི་རིགས་དཔེ་སྐྲུན་ཁང་གིས་དཔར་དུ་བསྐྲུན། གཞན་རྗེ་ཙོང་ཁ་བའི་ལུགས་ཀྱི་ལྟ་སྒོམ་སྤྱོད་གསུམ་ལས་སྒོམ་གྱི་སྐོར་རགས་ཙམ་གླེང་བ་སོགས་དཔྱད་རྩོམ་དང་། ཡབ་རྗེ་སྐལ་ལྡན་རྒྱ་མཚོའི་རྟོགས་བརྗོད་དང་རྗེས་དྲན་རིག་བྱེད་ཚིག་གི་གླིང་བུ་སོགས་སྙན་རྩོམ་གྱི་སྐོར་བཅས་མང་དུ་བཞུགས། མཁས་དབང་འཇིགས་མེད་ཐེག་མཆོག་ཚང་གི་གསུང་འབུམ་བཤེས་གཉེན་འདི་བས་གཙོ་འགན་བཞེས་ཏེ་ཀན་སུའུ་མི་རིགས་དཔེ་སྐྲུན་ཁང་ནས་དཔར།

ལོ་ངོ་སུམ་ཅུ་ལྷག་གི་རིང་རོང་བོ་གྲྭ་ཚང་ཐོས་བསམ་གླིང་ལ་གཞུང་ཆེན་གཙོ་བོར་གྱུར་པའི་སུམ་རྟགས་དག་གསུམ། སྙན་ངག་བཅས་རིག་གནས་ཆེ་ཆུང་མང་བོ་དང་། དཔལ་ལྡན་རྒྱུད་པ་གྲྭ་ཚང་། སོ་ནག་དགོན། ཚ་རྒྱ་དགོན་པ། གཡང་འཁྱིལ་དགོན་པ། སྒེའུ་སྟེང་དགོན་པ་རྣམས་ལ་ལམ་རིམ་བློ་སྦྱོང་གིས་མཚོན་པའི་དཔེ་ཁྲིད་དང་།  ཕྱོགས་གཞན་ནས་ཆེད་དུ་ཕེབས་པའི་དགེ་བཤེས་དང་སློབ་གྲྭ་ཆེ་འབྲིང་གི་དགེ་སློབ་རྣམས་ལ་རང་གི་མོས་པ་བཞིན་དང་། དད་ལྡན་མང་ཚོགས་རྣམས་ལ་ནང་ཆོས་ངོ་སྤྲོད་ཀྱི་ཆོས་སྦྱིན་གནང་མུར་བཞུགས་ལགས་སོ།།  

སློབ་འབངས་སུ་གཏོགས་པ་རོང་བོ་བློ་གྲོས་བརྟན་པས་བྲིས

  

སློབ་འབངས་སུ་གཏོགས་པ་རོང་བོ་བློ་གྲོས་བརྟན་པས་བྲིས།

རྩོམ་སྒྲིག་པ།  ཤེས་རབ་རལ་གྲི།

གསལ་འདེབས།

རྩོམ་འདིའི་པར་དབང་ངེད་དགེ་ལུགས་པའི་དྲ་བར་གཏོགས་པས་གང་འདོད་དུ་གཞན་དུ་མི་འགོད་པ་དང་། གལ་ཏེ་འགོད་ན་རྩོམ་ཁུངས་དང་སྦྲེལ་ཐག་གསལ་པོར་དགོད་པར་ཞུ།ལྷག་པར་འཕྲིན་སྟེགས་དག་གིས་འགོད་དུས原创བྱས་ཏེ་འགོད་མི་ཆོག

དྲ་བའི་སྦྲེལ་ཐགhttp://www.tb1025.cn 


བརྒྱུད་འགོད།