རྒྱལ་མོ་དགོན་གྱི་དགེ་བཤེས་འཇམ་དབྱངས་རྒྱ་མཚོའི་ངོ་སྤྲོད་མདོར་བསྡུས།

ཡོང་ཁུངས།   དགེ་ལུགས་དྲ་བ།     སྤེལ་དུས།  2024-10-27 08:00:48     རྩོམ་པ་པོ།   འཇམ་དབྱངས་ཚུལ་ཁྲིམས།     ཀློག་ཐེངས།  

微信图片_20241027073615.jpg

དགེ་བཤེས་འཇམ་དབྱངས་རྒྱ་མཚོ་མཆོག་ནི་གཙོས་གྲོང་ཁྱེར་གྱི་ཁོངས་གཏོགས་ད་ལྟའི་ཀླུ་ཤོད་ཡུལ་ཚོའི་ཚ་མདོའི་ཁོག་སྡེ་བར་ཡབ་འཇིགས་བྱེད་དང་ཡུམ་མཁར་མོ་སྐྱིད་གཉིས་ཀྱི་སྲས་སུ་རབ་བྱུང་བཅུ་དྲུག་པའི་ཤིང་མོ་སྦྲུལ་ཏེ་སྤྱི་ལོ་༡༩༦༥ལོའི་ཧོར་ཟླ་༥བའི་ཚེས་༡༥ཉིན་སྐུ་འཁྲུངས།

དགུང་ལོ་བརྒྱད་ཀྱི་སྟེང་སློབ་ཆུང་འགྲིམས་པའི་མགོ་བརྩམས་ཏེ་རང་ལོ་བཅུ་གཉིས་ཐོག་སློབ་ཆུང་མཐར་ཕྱིན། དགུང་ལོ་བཅུ་དྲུག་སྟེང་རབ་ཏུ་བྱུང་སྟེ་རྒྱལ་མོ་དགོན་དགེ་ལྡན་དར་རྒྱས་གླིང་དུ་སུམ་རྟགས་དག་གསུམ་དང་དགོན་པ་རང་གི་འདོན་རྟ་དབྱངས་དང་སྨོན་ལམ་ཆོས་སྤྱོད། གཞུང་རང་རང་གི་ཐལ་ཕྲེང་དང་བསྡུས་སྦྱོར་སྙིང་བོ། གྲུབ་མཐའ་རྩ་བ། དོན་བདུན་ཅུ། རྒྱན་འཇུག་གཉིས། འགྲེལ་བ་དོན་གསལ། བྱམས་ཆོས་སྡེ་ལྔ། དྲང་ངེས་ལེགས་བཤད་སྙིང་བོའི་སེམས་ཙམ་སྐོར། སྐབས་བཞི་བའི་སྡོམ། མཛོད་རྩ་སྡོམ། འདུལ་སྡོམ་སོགས་ཐུགས་འཛིན་མཛད་ཅིང་རྒྱན་འཇུག་གི་གཞུང་རྒྱུགས་ཆེན་མོའང་ཕུལ་བར་མ་ཟད། གཞུང་ཆེན་ཁག་ལོ་རེ་རེ་བཞིན་དུ་ཚོགས་རྒྱུགས་ཕུལ། 

དགུང་ལོ་ཉི་ཤུའི་སྟེང་རང་དགོན་དང་བླ་བྲང་བཀྲ་ཤིས་འཁྱིལ་གཉིས་ནས་ཡོངས་ཀྱི་དགེ་བའི་བཤེས་གཉེན་ཆེན་མོ་མ་ཧཱ་པཎྜིཏ་རྗེ་དམུ་དགེ་བསམ་གཏན་རྒྱ་མཚོ་མཆོག་དང་རྗེ་འཇམ་དབྱངས་རྒྱ་མཚོ། རྗེ་འཇིགས་མེད་དཔལ་ལྡན་རྒྱ་མཚོ་མཆོག་གཙོ་བྱས་པའི་མཚན་ལྡན་བླ་མ་དུ་མ་བསྟེན་ནས་གཞུང་ཆེན་ཁག་དང་ཐུན་མོང་གི་རིག་གནས་བཅས་ལ་སློབ་གཉེར་གནང་།

དགུང་ལོ་ཉེར་གཉིས་པ་སྟེ་སྤྱི་ལོ་༡༩༨༦ལོར་བླ་བྲང་བཀྲ་ཤིས་འཁྱིལ་གྱི་ཡོངས་ཀྱི་དགེ་བའི་བཤེས་གཉེན་ཆེན་པོ་འདུལ་བ་འཛིན་པ་རྔ་བ་སྦྱིན་པ་རྒྱ་མཚོ་མཆོག་གི་དྲུང་ནས་བསྙེན་རྫོགས་ཀྱི་སྡོམ་པ་བཞེས། 

དགུང་ལོ་ཉེར་གསུམ་ཐོག་ནས་བཟུང་དགོན་གཞུང་གི་བཀོད་སྒྲིག་ལྟར་རང་དགོན་དུ་སུམ་རྟགས་དག་གསུམ་དང་བསྡུས་གྲྭ། ས་ལམ་སོགས་གཞན་ལ་དཔེ་ཁྲིད་བྱེད་པའི་མགོ་ཚུགས།

དགུང་ལོ་ཉེར་དྲུག་སྟེང་གཞུང་བཀའ་པོད་ལྔ་ལ་སློབ་གཉེར་རྣལ་མ་གནང་ཕྱིར་འཕགས་ཡུལ་གྱི་དཔལ་ལྡན་འབྲས་སྤུངས་བཀྲ་ཤིས་སྒོ་མང་དུ་ཚོགས་ཞུགས་བྱས་ཤིང་སྔར་གྱི་དཔེ་ཆ་བལྟས་པའི་མཚམས་ནས་ལོ་ངོ་བཞིའི་རིང་གཞུང་བཀའ་པོད་ལྔའི་ཡ་གྱལ་ཕར་ཕྱིན་གྱི་གཞུང་ལ་བརྩོན་པ་ཤུགས་ཆེན་གནང་སྟེ། དགུང་ལོ་ཉེར་དགུའི་སྟེང་ཕར་ཕྱིན་དམ་བཅའ་བཞག དེ་ནས་རིམ་བཞིན་དབུ་མ་དང་མཛོད། འདུལ་བ་བཅས་གཞུང་ཆེན་བཀའ་པོད་ལྔའི་གཙོ་བྱས་པའི་སྔགས་ཀྱི་གཞུང་དང་ཐུན་མོང་རིག་གནས་བཅས་ལ་བརྩོན་པ་རྒྱ་ཆེར་གནང་སྟེ་གྲྭ་ཚང་རང་གི་རྒྱུགས་སྤྲོད་དང་དགེ་ལུགས་རྒྱུགས་སྤྲོད་བཅས་ཡོངས་སུ་རྫོགས་ནས་ཉིས་སྟོང་བཞི་ལོར་གདན་ས་གསུམ་གྱི་དགེ་ལུགས་རྒྱུགས་སྤྲོད་ཁྲོད། ལྷ་རམས་ཨང་དང་བོའི་ལྔ་བ་བླངས་ཏེ་ལྷ་རམས་དམ་བཅའ་ལེགས་པར་བཞག དེའི་ཕྱི་ལོར་དཔལ་ལྡན་སྨད་རྒྱུད་གྲྭ་ཚང་དུ་ཚོགས་ཞུགས་བྱས་ཏེ་གསང་སྔགས་ཀྱི་གཞུང་ལུགས་ལ་སྦྱངས་བརྩོན་ལྷུར་བླངས་པས་སྔགས་ཕྱོགས་ལ་རྒྱུགས་སྤྲད་དེ་སྔགས་ཀྱི་དམ་བཅའ་བཞག དེ་ལྟར་གཞུང་ཆེན་བཀའ་པོད་ལྔ་སྔགས་དང་བཅས་པར་སློབ་གཉེར་གཙོ་བོར་བཟུང་སྟེ་མཐར་ཕྱིན་མ་ཐག་པ་སྟེ་སྤྱི་ལོ་༢༠༠༦ལོར་ཕྱིར་ཕ་ཡུལ་དུ་ཕེབས།

དགུང་ལོ་ཞེ་གཉིས་པ་སྤྱི་ལོ་ཉིས་སྟོང་བདུན་ལོར་རྒྱལ་མོ་དགོན་དུ་ཚོགས་ཆེན་ཁྲི་བར་བཞུགས་ཤིང་། ད་ལྟའི་བར་ཐོས་བསམ་གླིང་གི་འཛིན་གྲྭ་ཆ་ཚང་ལ་བཀའ་པོད་ལྔའི་དཔེ་ཁྲིད་ཐེངས་དུ་མ་དང་རྒྱུད་པ་གྲྭ་ཚང་བཅས་ལ་ལམ་རིམ་བློ་སྦྱོང་དང་ལུང་ཁྲིད་སོགས་གང་མཁོ་གནང་སྟེ་རྒྱལ་མོ་དགོན་པའི་ཆོས་འཆད་ཉན་ཐད་བྱས་རྗེས་མང་དུ་བཞག་དང་འཇོག་བཞིན་ཡོད།

ཉིས་སྟོང་བརྒྱད་ལོར་མཚོ་སྔོན་འཁྱམ་རུ་དགོན་པའི་དགོན་གྲོང་གཉིས་ཀྱིས་ཡང་ཡང་ནན་གྱིས་ཞུས་ངོར་འཁྱམ་རུ་དགོན་དུ་དགེ་རྒན་དུ་ཕེབས་ཏེ་ལོ་དེའི་ཟླ་བཅུ་བའི་ཚེས་བཅོ་ལྔ་ཉིན་མཚན་ཉིད་གསར་ཚུགས་བྱས། རིམ་གྱིས་འཛིན་གྲྭ་ཁག་བགོས་ཏེ་སྐབས་བབ་གཞུང་ཚན་ཁག་ཞིབ་ཕྲའི་དཔེ་ཁྲིད་གནང་བ་དང་། གྲྭ་ཚང་ཐུན་མོང་ལ་ཡང་ལམ་རིམ་ཆེན་མོ་དང་སྤྱོད་འཇུག་ཆེན་མོ་ལ་སོགས་པའི་ལམ་རིམ་བློ་སྦྱོང་སྐོར་དང་། བསྐྱེད་རྗོགས་སོགས་ཀྱི་ཁྲིད་དང་། ལུང་སོགས་ལོ་རེ་རེར་གནང་བཞིན་པ་དང་།

ད་ལྟ་དགོན་པ་འདིར་གཞུང་བཀའ་པོད་ལྔའི་སློབ་གཉེར་གྱི་རིམ་པའི་སྒྲིག་གཞི་དང་འཛིན་གྲྭ་བཅུ་གཅིག་དངོས་སུ་ཚུགས་ཏེ་བཀའ་པོད་ལྔ་ལ་སློབ་གཉེར་གནང་བའི་རྒྱུགས་སྤྲོད་རྫོགས་ཟིན་པ་རྣམས་དགེ་བཤེས་དམ་བཅའ་འཇོག་པའི་སྲོལ་བཏོད་དེ་ཚོགས་རམས་པ་དང་དཀའ་བཅུ་དགེ་བཤེས་སོགས་ཀྱི་དམ་བཅའ་བཞག་དང་འཇོག་བཞིན་ཡོད།  དེར་བརྟེན་དགོན་པ་འདིའི་ཆོས་འཆད་ཉན་དང་བསླབ་པ་སློབ་གཉེར། གྲྭ་བཙུན་རྣམས་ཀྱི་བསམ་བློ་ཀུན་སྤྱོད་སོགས་གང་ཐད་ནས་ཀུན་གྱིས་ཁས་ལེན་ཐོབ་སྟེ་ཡར་རྒྱས་བླ་ན་མེད་པ་བྱུང་ཡོད་པ་འདི་ནི་དགེ་རྒན་ཁོང་གི་ལྷག་བསམ་དང་དགོན་པ་འདིའི་ཆོས་འཆད་ཉན་དང་བསླབ་པ་སློབ་གཉེར་རྨང་བརྟན་པོ་ཞིག་ཚུགས་ཕྱིར་འབད་བརྩོན་བླ་ལྷག་གནང་བའི་བཀའ་དྲིན་ལས་མ་འདས།

དགོན་པ་འདི་དང་འབྲེལ་བའི་ལྷ་སྡེ་མང་ཚོགས་མང་བོར་ནང་ཆོས་ངོ་སྤྲོད་གནང་ཞིང་། རིག་གནས་ལ་སློབ་གཉེར་གནང་རྒྱུ་གལ་ཆེན་དུ་འཛིན་དགོས་པ་དང་། སྡེ་བ་ནང་ཕན་ཚུན་མཐུན་སྒྲིལ་དགོས་པ་དང་། མི་སྒེར་གྱི་བདེ་ཐང་ལ་ཉམས་འཇོག་དང་ཕྱིའི་ཁོར་ཡུག་གཏོར་བརླགས་མི་བཟོ་བར་ཁོར་ཡུག་སྲུང་སྐྱོབ་དང་གཅེས་སྤྲས་བྱེད་དགོས་པ། རྒྱན་འཇོག་པ་སོགས་མི་རུང་བའི་བསླབ་བྱ་མང་དུ་གནང་བས་མཐུན་སྒྲིལ་དང་ཁོར་ཡུག་གཙང་སྦྲ། བསམ་བློའི་གོ་རྟོགས་སོགས་གང་ཅིའི་ཐད་སྤྱི་ཚོགས་ཡར་རྒྱས་སུ་འགྲོ་བར་ཕན་འབྲས་མི་དམན་པ་ཐོབ་ཡོད།

ཞར་བྱུང་དུ་མཚོ་ལྷོ་ཁུལ་མཐོ་འབྲིང་གི་དགེ་རྒན་རྣམས་གཙོ་བྱས་པའི་སློབ་གྲྭ་ཆེ་འབྲིང་ཁག་གི་དགེ་སློབ་མང་བོ་ཞིག་ལ་སུམ་རྟགས་རྩ་བ་དང་སྤྱོད་འཇུག་འགྲེལ་བ། ལམ་རིམ་གླང་སྨྱོན་འདུལ་བའི་ལྕགས་ཀྱུ་དང་བྱང་ཆུབ་ལམ་སྒྲོན། དེའི་རྩ་འགྲེལ། རིན་པོ་ཆེ་གསུམ་གྱི་གཏམ་གྱི་སྦྱོར་བ་སོགས་གང་ལ་གང་འཚམ་གྱི་དཔེ་ཁྲིད་བྱས།  མགོ་ལོག་ཁུལ་མཐོ་འབྲིང་གི་བོད་ཡིག་དགེ་རྒན་སོགས་གཙོ་བྱས་པའི་དགེ་རྒན་དག་ལ་གང་ལ་གང་མཁོ་ལྟར་དཔེ་ཁྲིད་གནང་ཞིང་མཚོ་ལྷོ་ཁུལ་གྱི་མཐོ་འབྲིང་དང་བོ་དང་མགོ་ལོག་ཁུལ་གྱི་སློབ་འབྲིང་བཅས་མཚོན་པའི་དགེ་སློབ་མང་བོར་སློབ་གཉེར་གལ་ཆེ་ཚུལ་དང་སྲོལ་རྒྱུན་རིག་གནས་སྐོར་གྱི་འཆད་ཁྲིད་མང་དུ་གནང་།

གཞན་ཡང་དགོན་སྡེ་ཁ་ཤས་ལ་གདན་ཞུའི་དགེ་རྒན་དུ་ཕེབས་ཏེ་ཁྲིད་རྒྱུན་དང་ལུང་རྒྱུན། དཔེ་ཁྲིད་སོགས་གང་མང་གནང་བ་དང་། ལྷ་སྡེ་མི་སྡེ་དག་གི་རེ་བ་ལྟར་སློབ་གསོའི་ལས་དོན་ལ་ཐེངས་མང་བོར་ཞུགས་པ་མ་ཟད། ནང་ཆོས་ངོ་སྤྲོད་དང་སྤྱི་ཚོགས་ཡར་སྐུལ་གྱི་སློབ་གསོ་སོགས་གོ་སླ་བའི་འཆད་ཁྲིད་མང་དུ་བྱས། ཁྱད་པར་དུ་ལོ་རེ་རེར་བཞིན་དགོན་འདིར་ཀུན་ཕན་ཞི་བདེ་སྨོན་ལམ་ཆེན་མོའི་ཆོས་ཚོགས་སྐབས་སུ། དད་ལྡན་མང་ཚོགས་མང་བོར་ནང་ཆོས་ངོ་སྤྲོད་དང་ཡ་རབས་སྤྱོད་བཟང་གི་སློབ་གསོ་དང་། ཁོ་ཚོའི་རེ་འདོད་ལྟར་ལུང་ཁྲིད་སོགས་མང་དུ་གནང་།

དེ་མིན་ལམ་རིམ་བགྲོ་གླེང་། དབུ་མའི་བགྲོ་གླེང་། ཚད་མའི་བགྲོ་གླེང་། གཞན་སྟོང་བགྲོ་གླེང་སོགས་ལ་ཞུགས་སྟེ་གཏམ་བཤད་གང་མང་བྱས། འཇང་དགུན་ཆོས་སྐོར་ལ་མདོ་སྟོད་སྨད་དང་། མགོ་ལོག ཀིརྟི། མཚོ་ལྷོའི་འཇང་དགུན་ཆོས་སོགས་ཀྱིས་གདན་ཞུས་ལྟར་ཐེངས་གང་མང་ལ་ཕེབས། ཁུལ་དང་རྫོང་སོགས་ཀྱི་གོ་སྒྲིག་ལྟར་ནང་བསྟན་བགྲོ་གླེང་གང་མང་ལ་ཞུགས་སྟེ་བགྲོ་གླེང་གནང་།

གཞན་ཡང་གསུང་རྩོམ་སྐོར་ལ་བདེན་བཞིའི་དཔྱད་བརྗོད་དང་རིགས་ལམ་བརྗེད་བྱང་། གཞུང་ཆེན་ཁག་གི་མཆན་འགྲེལ་དང་དྲིས་ལན་དང་དཔྱད་རྩོམ། སློབ་གསོའི་སྐོར་གྱི་རྩོམ་ཡིག་སོགས་རྩོམ་ཡིག་མང་དུ་སྤེལ། ཁོང་གི་གསུང་རྩོམ་རྣམས་ཕྱོགས་གཅིག་ཏུ་སྒྲིག་ཏེ་གླེགས་བམ་གཉིས་སུ་བྱས་ནས་པར་དུ་བསྐྲུན་ཡོད། ད་ལྟ་རྒྱལ་མོ་དགོན་དང་མཚོ་སྔོན་འཁྱམ་རུ་དགོན་གཉིས་གཙོ་བྱས་པའི་སློབ་གཉེར་བ་དག་ལ་དཔེ་ཁྲིད་ཆག་མེད་དུ་གནང་དང་གནང་བཞིན་པའི་སྐབས་སོ།། 

རབ་འབྱམས་པ་འཇམ་དབྱངས་ཚུལ་ཁྲིམས། ༢༠༢༤.༩.༢༠ཉིན།

རྩོམ་སྒྲིག་པ།  ཤེས་རབ་རལ་གྲི།

གསལ་འདེབས།

རྩོམ་འདིའི་པར་དབང་ངེད་དགེ་ལུགས་པའི་དྲ་བར་གཏོགས་པས་གང་འདོད་དུ་གཞན་དུ་མི་འགོད་པ་དང་། གལ་ཏེ་འགོད་ན་རྩོམ་ཁུངས་དང་སྦྲེལ་ཐག་གསལ་པོར་དགོད་པར་ཞུ།ལྷག་པར་འཕྲིན་སྟེགས་དག་གིས་འགོད་དུས原创བྱས་ཏེ་འགོད་མི་ཆོག

དྲ་བའི་སྦྲེལ་ཐགhttp://www.tb1025.cn 


བརྒྱུད་འགོད།