ཐར་ཤུལ་དགོན་པའི་དགེ་བཤེས་ངག་དབང་བཤད་སྒྲུབ་ལགས་ངོ་སྤྲོད་མདོར་བསྡུས།
དགེ་བཤེས་ངག་དབང་བཤད་སྒྲུབ་ལགས་ནི། མེ་འབྲུག་ལོ་སྟེ་སྤྱི་ལོ་༡༩༧༦ལོར་མང་རྫོང་རུ་སྔུན་བབ་རིས་སྡེ་བའི་ཕ་དབང་རིས་དང་མ་འཇའ་བྷོ་གཉིས་ཀྱི་སྲས་སུ་འཁྲུངས།
རང་ལོ་བཅུ་བཞིའི་སྟེང་ཁྲི་ཀའི་ཨ་ལགས་མོ་ཡག་རིན་པོ་ཆེ་མདུན་ནས་རབ་ཏུ་བྱུང་། དེ་ནས་མེརྒན་དགོན་བཀྲ་ཤིས་འཕེལ་རྒྱས་གླིང་གི་ཆོས་སྒོར་ཞུགས་ཏེ། མེརྒན་དགོན་པའི་འདོན་ཆོས་ཡོངས་རྫོགས་བློར་འཛིན་བྱས། ཕྱིས་སུ་བླ་བྲང་བཀྲ་ཤིས་འཁྱིལ་དུ་ཕྱིན་ནས། རྗེ་གུང་ཐང་འཇམ་པའི་དབྱངས་དང་། དགེ་བའི་བཤེས་གཉེན་ཆེན་པོ་རྗེ་དགེ་འདུན་རྒྱ་མཚོ་ཚང་། དགེ་བའི་བཤེས་གཉེན་ཆེན་པོ་རྗེ་འཇམ་དབྱངས་རྒྱ་མཚོ་སོགས་དགེ་བའི་བཤེས་གཉེན་དུ་མ་བསྟེན་ཏེ་དབང་ལུང་མན་ངག་དང་། ལམ་རིམ་བློ་སྦྱོང་སྐོར་དང་། རྩིས་རམས་པ་ཨ་ཁུ་བསམ་འགྲུབ་ཚང་སོགས་ལས་སྐར་རྩིས་དང་། སུམ་རྟགས་དག་གསུམ་དང་སྙན་ངག་སོགས་ཐུན་མོང་རིག་གནས་ལའང་སྦྱངས་པ་བྱས།
སྤྱི་ལོ་༡༩༩༦ལོར་བྱེས་ཀྱི་གདན་ས་ཆེན་པོ་གསུམ་གྱི་ཡ་གྱལ་དཔལ་ལྡན་འབྲས་སྤུངས་སྒོ་མང་གྲྭ་ཚང་དུ་ཞུགས་ཏེ། ཡོངས་ཀྱི་དགེ་བའི་བཤེས་གཉེན་ཆེན་པོ་དོན་གྱི་སླད་དུ་མཚན་ནས་བརྗོད་ན་རྗེ་ལྷ་རམས་པ་བློ་བཟང་དགེ་འདུན་ཚང་དང་། ད་ལྟའི་སྒོ་མང་མཁན་པོ་ལྷ་རམས་པ་རྗེ་འཇིགས་མེད་རྒྱ་མཚོ་་ཚང་། འབྲས་སྤུངས་ཁྲི་བ་བློ་བཟང་བསྟན་པ་ཚང་། དགེ་བའི་བཤེས་གཉེན་ཆེན་པོ་འབོ་ར་ཡོན་ཏན་ཚང་། སྒོ་མང་མཁན་ཟུར་ཡོན་ཏན་དམ་ཆོས་ཚང་། ལྷ་རམས་པ་ལེགས་ཚོགས་རྒྱ་མཚོ་ཚང་སོགས་དགེ་བའི་བཤེས་གཉེན་མང་བོ་བསམ་སྦྱོར་གཉིས་ཀྱིས་ཚུལ་བཞིན་དུ་བསྟེན་ཏེ། ལོ་ངོ་དུ་མའི་རིང་ལ་ངལ་བ་བརྒྱ་ཕྲག་ཁྱད་དུ་བསད་ནས་དཀའ་སྤྱད་བརྩོན་པ་ཆེན་པོས་གཞུང་ཆེན་བཀའ་པོད་ལྔར་སློབ་གཉེར་བྱས་མཐར་དགེ་བཤེས་བཀའ་བཅུ་བའི་མཚན་རྟགས་ཐོབ། གཞན་མདོ་སྨད་བསྟན་པའི་བདག་པོ་ལཱ་མོའི་ཡོངས་འཛིན་རྡོ་རྗེ་འཆང་དང་། དགེ་བའི་བཤེས་གཉེན་ཆེན་པོ་རྗེ་འཇིགས་མེད་དཔལ་ལྡན་རྒྱ་མཚོ་མཆོག རྗེ་བློ་བཟང་རྒྱ་མཚོ་ཚང་། སྐྱབས་རྗེ་ཀེ་ཀྱཱ་རིན་པོ་ཆེ་སོགས་ལས་ཀྱང་དབང་ལུང་མན་ངག་མང་པོ་གསན།
སྤྱི་ལོ་༢༠༡༠ལོར་ཀྲུང་གོ་བོད་བརྒྱུད་མཐོ་རིམ་ནང་བསྟན་སློབ་གླིང་དུ་ཞུགས་ཏེ་ཕྱིས་སུ་བོད་བརྒྱུད་མཐོ་རིམ་ནང་བསྟན་སློབ་གླིང་དེ་ག་རུ་མཐོ་རིམ་རབ་འབྱམས་པའི་ཕྱག་འཁྱེར་དང་། སྤྱི་ལོ་༢༠༡༧ལོར་ཀྲུང་གོ་བོད་བརྒྱུད་མཐོ་རིམ་ནང་བསྟན་སློབ་གླིང་གི་དགེ་རྒན་རྒྱུགས་སྤྲོད་ལ་ཞུགས་ཏེ། དགེ་རྒན་ཆེན་མོ་རིམ་པ་དང་པོའི་མཚན་གནས་ཀྱི་ཕྱག་འཁྱེར་གྱི་ཐོབ་པ་དང་། སྤྱི་ལོ་༢༠༡༩ ལོར་མཚོ་སྔོན་ཞིང་ཆེན་ནང་བསྟན་མཐུན་ཚོགས་ཀྱི་མཐོ་རིམ་དགེ་རྒན་གྱི་ཕྱག་འཁྱེར་ཐོབ། སྔ་རྗེས་སུ་མང་རའི་ཐར་ཤུལ་དགོན་དང་། མཚོ་སྔོན་པོའི་འཁྱམ་རུ་དགོན། མང་རྫོང་མཐོ་ལས་དགོན། གངས་ལྗོངས་ཧི་མ་ལ་ཡ་གཙུག་ལག་སློབ་གླིང་། ཁྲི་ཀའི་གཤོང་མོ་ཆེ་དགོན། བྲག་དཀར་སྤྲེལ་རྫོང་དགོན། ཇོ་ནང་གཙང་ཞོལ་དགོན། རྙིང་མའི་ལུང་སྔོན་དགོན། ཀྲུང་གོ་བོད་བརྒྱུད་མཐོ་རིམ་ནང་བསྟན་སློབ་གླིང་། མཚོ་སྔོན་ནང་བསྟན་སློབ་གྲྭ་ཆེན་མོ་བཅས་སུ་གཞུང་བཀའ་པོད་ལྔའི་དཔེ་ཁྲིད་མཛད།
དགེ་བཤེས་ངག་དབང་བཤད་སྒྲུབ་ནི་ཆུང་དུས་ནས་བློ་རིག་གསལ་ཞིང་རྣམ་དཔྱོད་ཁྱད་པར་བ་ཅན་ཞིག་ཡིན་པས། བྱེས་ཀྱི་གྲྭ་ས་སྒོ་མང་གྲྭ་ཚང་དུ་སློབ་གཉེར་བྱེད་སྐབས། བསྡུས་གྲྭ་ནས་དབུ་མའི་བར་དུ་འཛིན་གྲྭའི་མི་གྲངས་བརྒྱ་ལྷག་ལས་ལོ་གཅིག་ལ་མ་གཏོགས་རྒྱུགས་འབྲས་ཨང་དང་པོ་ཤ་སྟག་ཐོབ་པ་དང་། སྤྱི་ལོ་༢༠༡༠ལོར་ཀྲུང་གོ་བོད་བརྒྱུད་མཐོ་རིམ་ནང་བསྟན་སློབ་གླིང་གིས་སློབ་བསྡུའི་རྒྱུགས་སྤྲོད་དང་། སྤྱི་ལོ་༢༠༡༢ལོར་སློབ་གླིང་དེ་གར་སློབ་མཐར་ཕྱིན་སྐབས་གཉིས་ཀར་རྒྱུགས་འབྲས་ཨང་དང་པོར་སོན་པས། སློབ་གླིང་གི་མགོ་ཁྲིད་རྣམ་པས་དེ་གར་དགེ་རྒན་བྱ་རྒྱུའི་རེ་འདུན་བཏོན་པ་ལྟར། ཀྲུང་གོ་བོད་བརྒྱུད་མཐོ་རིམ་ནང་བསྟན་སློབ་གླིང་གི་སྤྲུལ་སྐུ་ཆེད་སྦྱོང་འཛིན་གྲྭའི་དགེ་རྒན་ལོ་གཉིས་ལ་བྱས།
ད་ལྟའི་བརྩམས་ཆོས་ལ་<བསྡུས་གྲྭའི་རྣམ་བཞག་རིགས་ལམ་ཀུན་བཏུས།>དང་། <བློ་རྟགས་ཀྱི་རྣམ་བཞག་རིགས་ལམ་སྒོ་བརྒྱ་འབྱེད་པའི་ལྡེ་མིག།>བཅས་དཔེ་དེབ་གཉིས་དཔར་བསྐྲུན་བྱས་པ་དང་། ད་དུང་ཡང་<བདེན་བཞི་ལ་དཔྱད་པ།>དང་། <དྲང་ངེས་ལེགས་བཤད་སྙིང་པོའི་དྲིས་ལན།><ཕར་ཕྱིན་སྐབས་གསུམ་པའི་དྲིས་ལན།><རྣམ་བཤད་ཐར་ལམ་གསལ་བྱེད་ཀྱི་དྲིས་ལན་འགའ།>བཅས་ཁོང་གི་རྣམ་དཔྱོད་བློ་གྲོས་ལས་འཁྲུངས་པའི་དཔྱད་རྩོམ་མང་པོ་གཞུང་སྒེར་གྱི་དུས་དེབ་སྟེང་དུ་བཀོད། ད་ལྟ་དཔེ་ཁྲིད་ཀྱི་ཞོར་ལ། མཚོ་ལྷོའི་འཇང་དགུན་ཆོས་ཚོགས་པའི་རྒྱུན་ལས་དང་། དགེ་ལྡན་རབ་འབྱམས་གཙུག་ལག་སློབ་གཉེར་ཁང་གི་སྐབས་དང་པོའི་རྒྱུན་ལས་དང་དྲུང་ཡིག་ཆེན་མོ། མཚོ་སྔོན་ཞིང་ཆེན་ནང་བསྟན་མཐུན་ཚོགས་སྐབས་དགུ་བའི་རྒྱུན་ལས་ལས་འཛིན། མཚོ་སྔོན་ཞིང་ཆེན་ཚད་མ་རིག་པའི་ལྷན་ཚོགས་ཀྱི་ཚོགས་མི་བཅས་ཀྱི་འགན་སྒྲུབ་མུས་སུ་ཡོད་དོ།།
༢༠༢༤ལོའི་ཧོར་ཟླ་དགུ་བའི་ཚེས་ཉེར་གཉིས་སྟེ་སྟོན་པ་ལྷ་ལས་བབས་པའི་དུས་ཆེན་ཉིན་འབྲོག་རུ་ཚུལ་ཁྲིམས་ཀྱིས་བྲིས།
རྩོམ་སྒྲིག་པ། ཤེས་རབ་རལ་གྲི།
གསལ་འདེབས།
རྩོམ་འདིའི་པར་དབང་ངེད་དགེ་ལུགས་པའི་དྲ་བར་གཏོགས་པས་གང་འདོད་དུ་གཞན་དུ་མི་འགོད་པ་དང་། གལ་ཏེ་འགོད་ན་རྩོམ་ཁུངས་དང་སྦྲེལ་ཐག་གསལ་པོར་དགོད་པར་ཞུ།ལྷག་པར་འཕྲིན་སྟེགས་དག་གིས་འགོད་དུས原创བྱས་ཏེ་འགོད་མི་ཆོག
དྲ་བའི་སྦྲེལ་ཐགhttp://www.tb1025.cn