སྙན་མོ་དགོན་གྱི་དགེ་བཤེས་འཇམ་དཔལ་རིག་འཛིན་ངོ་སྤྲོད།

ཡོང་ཁུངས།   དགེ་ལུགས་དྲ་བ།     སྤེལ་དུས།  2024-03-31 07:42:54     རྩོམ་པ་པོ།   མི་ག    ཀློག་ཐེངས།  

微信图片_20240331073958.jpg

          དགེ་བཤེས་འཇམ་དཔལ་རིག་འཛིན་མཆོག་ནི། རབ་བྱུང་བཅུ་དྲུག་པའི་ཐུན་མོང་ཞེས་པ་སྤྱི་ལོ། 1970 ལྕགས་ཕོ་ཁྱིའི་ལོར། ཡུལ་དབང་སྟོད་དགོན་རུ་ཚོ་བའི་དར་གྱི་སྔོ་ཤུལ་ས་ཆར་སྐུ་བལྟམས། 

1982 ཆུ་ཁྱི་ལོར། དགུང་གྲངས་བཅུ་གསུམ་ཐོག་སྤྲུལ་ཐུབ་བསྟན་ཀ་དག་ཡེ་ཤེས་ཀྱི་དྲུང་ནས་རབ་ཏུ་བྱུང་སྟེ་མཚན་འཇམ་དཔལ་ཡེ་ཤེས་ཞེས་གསོལ། སྡེར་ནང་བླ་མ་བློ་བཟང་སྙན་གྲགས་ཀྱི་མདུན་ནས་ཡི་གེ་འབྲི་ཀློག་སོགས་སྦྱངས་པ་མཐར་ཕྱིན་པ་མཛད།

དགེ་བའི་བཤེས་གཉེན་ཆེན་མོ་མཁན་དཔལ་ལྡན་གྲགས་པ། ཨ་མདོ་དགེ་བཤེས་འཇམ་དཔལ་རོལ་བའི་བློ་ལྡན། ཨ་ལགས་སྒོ་རུ་བློ་བཟང་འཇིགས་མེད་འཇམ་དཔལ་རྒྱ་མཚོ། ཡོངས་ཀྱིས་དགེ་བའི་བཤེས་གཉེན་ཆེན་མོ་སྐུ་རྒྱབ་གྲགས་པ་རྒྱ་མཚོ་ཚང་། ཀཿ  ཐོག་རྨོག་ཚ་འཇིགས་བྲལ་ཕྱོགས་ལས་རྣམ་རྒྱལ། དགེ་བའི་བཤེས་གཉེན་བློ་བཟང་ཀུན་མཁྱེན་མཆོག དགེ་བའི་བཤེས་གཉེན་མོ་རྗེ་དགེ་འདུན་རྒྱ་མཚོ། དགེ་བའི་བཤེས་གཉེན་རྗེ་འཇིགས་མེད་དཔལ་ལྡན་རྒྱ་མཚོ། སྐྱབས་རྗེ་ལཱ་མོའི་ཡོངས་འཛིན་རིན་པོ་ཆེ་སོགས་ལས་མདོ་སྔགས་གཞུང་གི་ཟབ་གནད་དང་དབང་བསྐུར་མན་ངག་གི་གདམས་བཀའ་མང་དུ་ཐོབ།

 2002 ཆུ་རྟ་ལོར། རྔ་ཡུལ་སྒོ་མང་དགོན་གྱི་མདོ་སྔགས་བཤད་སྒྲུབ་གླིང་དུ་ཞུགས་ཏེ་དགེ་བའི་བཤེས་གཉེན་ཆེན་མོ་ཨ་ཁུ་དར་རྒྱས་རྒྱ་མཚོ་དང་རྒན་རྣམ་འདྲེན་རྒྱ་མཚོ་སོགས་ཀྱི་མདུན་ནས་མགོ་བསྡུས་གྲྭ་ནས་བཟུང་སྟེ་འདུལ་བའི་བར་བཀའ་པོད་ལྔས་གཙོས་པའི་ལམ་རིམ་བློ་སྦྱོང་སོགས་ཐུན་མོང་དང་ཐུན་མོང་མ་ཡིན་པའི་རིག་པའི་གནས་རྣམས་ལ་སྦྱང་བརྩོན་ལྷོད་མེད་གནང་ནས་རྒྱལ་བའི་གསུང་རབ་ལ་ཐོས་ལོ་ཙམ་མ་ཡིན་པར་གོ་བ་གཏིང་ཟབ་རྙེད།

གཞན་དཔལ་ལྡན་འབྲས་དཀར་སྤུངས་སོགས་སུ་ཕེབས་ནས་འབྲས་སྒོ་མང་གྲྭ་ཚང་གི་དགེ་བའི་བཤེས་གཉེན་ཆེན་མོ་སོག་པོ་དགེན་བསྟན་འཛིན་ཚང་དང་། ཐེ་བོ་དགེན་དཀོན་མཆོག་ཉི་མ། བིས་མདོ་དགེན་ཡེ་ཤེས་དངོས་གྲུབ་སོགས་དགེ་བའི་བཤེས་གཉེན་གནམ་གྱིས་ས་བཀབ་པ་ལྟ་བུ་མང་དུ་བསྟེན་ནས་གཞུང་ཆེན་བཀའ་པོད་ལྔ་དང་གསང་ཆེན་རྒྱུད་སྡེ་བཞི་ལ་སྦྱངས་བརྩོན་དཔྱིས་ཕྱིན་པར་མཛད།

2011 ལྕགས་ཡོས་ལོར། དཔལ་སྙན་མོ་རི་རྣམ་རྒྱལ་དགེ་ལྡན་དགོན་གྱི་མཁན་པོར་མངའ་གསོལ་དང་ཁྲི་འདོན་མཛད། གཞན་ཡང་ཨ་མདོ་དགེ་བཤེས་འཇམ་དཔལ་རོལ་བའི་བློ་གྲོས་ཀྱི་གསུང་འབུམ་དང་། སྙན་དགོན་སྤྲུལ་སྐུ་གསུང་རབ་པའི་གསུང་འབུམ་སོགས་རང་དགོན་གྱི་བླ་མ་གོང་རྣམས་ཀྱིས་གསུང་རྩོམ་གང་བཞུགས་དག་བསྒྲིགས་དང་ཞུ་དག་སོགས་ཀྱི་ཕྱག་ལས་གནང་བའི་མུ་ནས། ད་ལྟ་དཔལ་སྙན་མོ་རི་རྣམ་རྒྱལ་དགེ་ལྡན་དགོན་དུ་འཛིན་གྲྭ་ཁག་གི་དགེ་རྒན་གྱི་ཐུགས་འགན་གཙོ་བོར་བཞེས་ནས་དཔེ་ཁྲིད་སོགས་ཀྱིས་ལེགས་པར་བསྐྱངས་དང་སྐྱོང་བཞིན་བཞུགས་པ་ལགས་སོ།།  

རྩོམ་སྒྲིག་པ།  ཤེས་རབ་རལ་གྲི།

གསལ་འདེབས།

རྩོམ་འདིའི་པར་དབང་ངེད་དགེ་ལུགས་པའི་དྲ་བར་གཏོགས་པས་གང་འདོད་དུ་གཞན་དུ་མི་འགོད་པ་དང་། གལ་ཏེ་འགོད་ན་རྩོམ་ཁུངས་དང་སྦྲེལ་ཐག་གསལ་པོར་དགོད་པར་ཞུ།ལྷག་པར་འཕྲིན་སྟེགས་དག་གིས་འགོད་དུས原创བྱས་ཏེ་འགོད་མི་ཆོག

དྲ་བའི་སྦྲེལ་ཐགhttp://www.tb1025.cn 


བརྒྱུད་འགོད།