བླ་བྲང་བཀྲ་ཤིས་འཁྱིལ་བའི་དགེ་བའི་བཤེས་གཉེན་འཇམ་དབྱངས་རྒྱ་མཚོའམ་རྔ་བ་ཀུན་པོའི་ངོ་སྤྲོད་མདོར་བསྡུས།

ཡོང་ཁུངས།   དགེ་ལུགས་དྲ་བ།     སྤེལ་དུས།  2024-01-04 07:43:31     རྩོམ་པ་པོ།   འཇམ་དབྱངས་བློ་གསལ།    ཀློག་ཐེངས།  

རྡོ་རམས་པ་འཇམ་དབྱངས་རྒྱ་མཚོའམ་རྔ་བ་ཀུན་པོ་མཆོག་ནི་མདོ་སྨད་རྔ་ཡུལ་སྒོ་མང་དགོན་གྱི་ཉེ་འདབས་སུ་ཡབ་བཟོད་རྒྱམ་དང་ཡུམ་དམ་ཆོས་སྒྲོན་གཉིས་ཀྱི་སྲས་སུ༡༩ ༦༠ལོར་འཁྲུངས།

བྱིས་པའི་དུས་ནས་བྱམས་ལྡན་ཕ་དང་ཞིང་བོ།གཅེན་སོགས་ཀྱི་དྲུང་ནས་བོད་ཡིག་འབྲི་ཀློག་དང་ཆོས་སྤྱོད་འདོན་ཆ། རྒྱན་འཇུག་སོགས་ཐུགས་འཛིན་གནང་།

༡༩༨༠ལོར་རྔ་ཡུལ་སྒོ་མང་དགོན་གྱི་ཆོས་སྒོར་ཞུགས་ཏེ་རྣམ་འགྲེལ་རྩ་བ་དང་།འགྲེལ་བ་དོན་གསལ་སོགས་ཚོགས་རྒྱུགས་ཕུལ་ཞིང་མཁས་པའི་གཙུག་ནོར་དགེ་བའི་བཤེས་གཉེན་དུ་མར་བསམ་སྦྱོར་གཉིས་ཀྱི་སྒོ་ནས་ཚུལ་བཞིན་དུ་བསྟེན་ཏེ་སུམ་རྟགས་དག་གསུམ་དང་བསྡུས་གྲྭ། བློ་རྟགས། སྙན་ངག་སོགས་ལ་སྦྱངས་པ་དཔྱིས་ཕྱིན་པར་མཛད།

༡༩༨༣ལོ་ནས་རང་གི་གཅེན་སྤྲུལ་བའི་སྐུ་ཧྭར་བ་འཇམ་དབྱངས་བློ་གྲོས་མཆོག་གི་སྐུལ་མ་དང་དུ་བླངས་ནས་མཁས་གྲུབ་བྱེ་བའི་རོལ་མཚོ་དཔལ་ལྡན་བཀྲ་ཤིས་འཁྱིལ་གྱི་ཆོས་གྲྭར་ཞུགས་ཏེ་མི་ལོ་ཉི་ཤུ་ལྷག་རིང་གྲྭ་རྐྱང་དཀྱུས་མའི་ཚུལ་གྱིས་འཕགས་སེང་ལྟ་བུའི་ངེས་དོན་གྱི་དགེ་བའི་བཤེས་གཉེན་ཆེན་མོ་གང་མང་ཞིག་གི་མདུན་སར་གཞུང་བཀའ་པོད་ལྔ་གཙོར་བྱས་་རིག་གནས་མཐའ་དག་ལ་གསན་སྦྱངས་མཛད།

རྗེས་སུ་བསྟན་པའི་རྩ་ལག་ཀུན་མཁྱེན་མཆོག་གི་བཀའ་ལུང་སྤྱི་བོར་བཀོད་དེ་ཁམས་ལི་ཐང་དགོན་ཆེན་དང་།ཀྲུང་གོ་བོད་བརྒྱུད་མཐོ་རིམ་ནང་བསྟན་སློབ་གླིང་།འབོ་རའི་སྔོན་པོ་ཐང།དགའ་ལྡན་བཤད་སྒྲུབ་དར་རྒྱས་གླིང་གི་དགེ་རྒན་བཅས་ལ་ལོ་དུ་མར་བཞུགས།

སྔོན་པོ་ཐང་གི་མཁན་ཁྲི་གཅིག་ལྕོགས་ཀྱིས་འཆད་ཉན་ཁུར་སྐྱོང་བཞིན་པ་དང་དུས་མཚུངས་སུ་མཁས་མང་བྱེ་བའི་བསྟི་གནས་བཀྲ་ཤིས་གཡས་སུ་འཁྱིལ་བའི་གླིང་དུ་རབ་གནས་ཤིང་བྱ་ལོའི་ཆོ་འཕྲུལ་སྨོན་ལམ་ཆེན་མོའི་དུས་སུ་རྡོ་རམས་པའི་དམ་བཅའ་དང་ཁེལ་བས་རྟེན་འབྲེལ་ལྷུན་ཆགས་སུ་གནས་པ་དང་འབྲེལ་ཏེ་《སྡེ་བདུན་ལ་འཇུག་པའི་སྒོ་རིགས་ལམ་ལེགས་བཤད་ཀུན་བཏུས་བློ་གསལ་ལྡེ་མིག་ཅེས་བྱ་བ་) དང་(ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་མངོན་པར་རྟོགས་པའི་རྒྱན་གྱི་དོན་གསལ་བར་བྱེད་པའི་དོགས་སློང་རིག་བརྒྱའི་སྒོ་འབྱེད་ལྡེ་མིག་ཅེས་བྱ་བའི་) གཞུང་འདི་གཉིས་བློ་གསལ་དོན་གཉེར་ཅན་རྣམས་ཀྱི་དགའ་བའི་གཟིགས་ངོར་སྤེལ།

ད་ལྟའང་དཔལ་ལྡན་བཀྲ་ཤིས་འཁྱིལ་གྱི་གསོ་རིག་གཞན་ཕན་གླིང་གི་མཁན་ཁྲི་བཞུགས་སྐབས་སུ་《ཆོས་མངོན་རྒྱ་མཚོའི་དགོངས་དོན་གསལ་བར་བྱེད་པའི་དོགས་དཔྱོད་ལེགས་བཤད་ཀུན་བཏུས་བློ་གསལ་སྒྲོན་མེ་ཞེས་བྱ་བ་) འདི་ཉིད་ན་མཐུན་གྱི་དགེ་བའི་བཤེས་གཉེན་དུ་མ་དང་སློབ་བུ་མང་པོས་ཡང་ཡང་སྐུལ་ངོར་སྤྱི་ལོ་༢༠༠༤ནས་མགོ་བརྩམས་ཏེ་༢༠༠༦ལོར་ཡོངས་སུ་རྫོགས་པར་བྲིས་ཏེ་རྣམ་དཔྱོད་མཚོག་ཏུ་ཡངས་པའི་གཞོན་ནུ་རྣམས་ཀྱི་འདྲེན་བྱེད་བུང་བ་རྩེན་པའི་གཟིགས་མོར་བཀྲམ།

རྩོམ་པ་པོས་ཀྱང་རང་གི་དགེ་བའི་བཤེས་གཉེན་རྣམས་ཀྱི་བཀའ་དྲིན་གྱི་ཆ་ཕྲ་མོ་ཙམ་རེ་གསབ་ཕྱིར་དང་སློབ་གཉེར་གྱི་སྐབས་དགེ་བའི་བཤེས་གཉེན་རྣམས་ཀྱི་ངག་རྒྱུན་ཆོས་གྲྭའི་རིགས་ལམ་ངོ་མཚར་བ་དག་རང་བློར་ཅུང་ཟད་ངེས་པ་རྣམས་ཀྱི་བརྗེད་བྱང་དང་།རང་དང་སྐལ་མཉམ་འགའ་ལ་ཅུང་ཟད་ཕན་རེའི་སྨོན་འདུན་དང་བཅས་ཏེ་སྦྱར་བ་ལགས་ཞེས་གསུངས་པ་ལྟར་རོ། །

འཇམ་དབྱངས་བློ་གསལ་ནས།

སྤྱི་ལོ་༢༠༠ ༦ལོའི་ཟླ་༡༡པའི་ཚེས་དགེ་བར།

                            ལེགས་བཤད་ཀུན་བཏུས་ལྡེ་མིག་ལས་བཤུས།


རྩོམ་སྒྲིག་པ།  ཤེས་རབ་རལ་གྲི།

གསལ་འདེབས།

རྩོམ་འདིའི་པར་དབང་ངེད་དགེ་ལུགས་པའི་དྲ་བར་གཏོགས་པས་གང་འདོད་དུ་གཞན་དུ་མི་འགོད་པ་དང་། གལ་ཏེ་འགོད་ན་རྩོམ་ཁུངས་དང་སྦྲེལ་ཐག་གསལ་པོར་དགོད་པར་ཞུ།ལྷག་པར་འཕྲིན་སྟེགས་དག་གིས་འགོད་དུས原创བྱས་ཏེ་འགོད་མི་ཆོག

དྲ་བའི་སྦྲེལ་ཐགhttp://www.tb1025.cn 



བརྒྱུད་འགོད།