རྭ་རྒྱ་དགོན་པའི་དགེ་བའི་བཤེས་གཉེན་བློ་གྲོས་བཟང་བོའི་མཛད་རྣམ་མདོར་བསྡུས།

ཡོང་ཁུངས།   དགེ་ལུགས་དྲ་བ།     སྤེལ་དུས།  2023-12-19 16:09:15     རྩོམ་པ་པོ།   རྭ་    ཀློག་ཐེངས།  

༡.jpg

དགེ་བའི་བཤེས་གཉེན་ཆེན་མོ་ཀུན་སྤངས་པ་བློ་གྲོས་བཟང་བོ་མཆོག་ནི། སྤྱི་ལོ༡༩༢༧ལོར་རིགས་རུས་ཕུན་སུམ་ཚོགས་པ་ཡབ་རྟ་བོའུ་རིགས་ལྡན་དང་། ཡུམ་གཞོན་གཞུའི་སྒྲོན་ཐོ་གཉིས་ཀྱི་སྲས་སུ་འཁྲུངས། དགུང་ལོ་དགུའི་སྟེང་རྭ་རྒྱ་དགའ་ལྡན་བཀྲ་ཤིས་འབྱུང་གནས་སུ་བརྩི་བཞག་བསོད་ནམས་བཟང་བོ་ལས་རབ་བྱུང་དང་དགེ་ཚུལ་དཀྱིས་གཅིག་ཏུ་བསྒྲུབས་ཏེ་མཚན་ལ་བློ་གྲོས་བཟང་བོ་ཞེས་གསོལ།

གཞུང་ལུགས་སྨྲ་བའི་ཁྱུ་མཆོག་སྟག་ཡན་ཉི་ཆོས་དང་། ཁང་སར་བརྩི་བཞག་དགེ་བཟང་སོགས་ལས་བསྡུས་གྲྭ་དང་བློ་རྟགས། གྲུབ་དོན་ས་གསུམ་སོགས་སློབ་གཉེར་གནང་། དབུས་ཀྱི་སེར་བྱེས་མཁས་སྙན་གྲྭ་ཚང་དུ་སློབ་གཉེར་ལ་ཕེབས་ཏེ་གཞུང་ཆེན་དག་ལོ་ལྔའི་རིང་སློབ་གཉེར་མཛད་དེ་འཛིན་གྲྭའི་སྐྱོར་དཔོན་མཛད། ཕྱིར་རང་དགོན་དུ་ཕེབས་ཏེ་ཤིང་བཟའ་བློ་བཟང་ལུང་རྟོགས་བསྟན་པའི་རྒྱལ་མཚན་གྱི་མཚན་ཉིད་ཞབས་ཞུར་བཞུགས།

རིག་གསར་སྐབས་དམངས་ཁྲོད་དུ་ཕེབས་ཏེ་དཀའ་སྡུག་གང་མང་མྱངས། བསྟན་པ་ཡང་དར་གྱི་དུས་སུ་རང་དགོན་དུ་ཕེབས་ཏེ་སྔོན་གྱི་ཕྱག་སྲོལ་བཟང་བོ་རྣམས་སླར་གསོ་མཛད་པར་སྐུ་དྲིན་ཤིན་ཏུ་ཆེ། སྤྱི་ལོ་༡༩༨༩ཚོགས་ཆེན་ཞལ་ངོར་བཞུགས་ཏེ་དགོན་པའི་སྒྲིག་ཀུན་སྤྱོད་དང་བསླབ་པ་སློབ་གཉེར་ལ་རྟིང་སྐུལ་མཛད། རྭ་རྒྱ་དགོན་པའི་ཁྲི་གདན་ཟུར་དང་དགེ་བཤེས་གང་དྲག་གཙོས་བླ་གྲྭ་ཕལ་ཆེ་བ་རྗེ་ཉིད་ཀྱི་སློབ་མར་མ་གྱུར་བ་མེད།

འཛིན་གྲྭ་བཅུ་གསུམ་ལས་གཙོ་རུའི་འཛིན་གྲྭའི་དགེ་རྒན་དང་གཞུང་བཀའ་པོད་ལྔའི་དཔེ་ཁྲིད་འཛིན་གྲྭ་གོང་འོག་ཀུན་ལ་རྒྱུན་རིང་གནང་མྱོང་།

ཁོང་ནི་མདོ་སྔགས་གཞུང་ལུགས་རྒྱ་མཚོའི་ཕ་རོལ་དུ་ཕྱིན་པ་ཞིག་ཡིན་ཡང་རྒྱུན་དུ་ལྟོ་སྐྱ་གོས་ཧྲིལ་བྱས་ཏེ་ས་ཁང་སྤྱོད་ལམ་བཞི་ཤོང་བ་ཙམ་གྱི་ནང་དུ་བཞུགས་ཏེ་དཔེ་གཟིགས་དང་རྣལ་འབྱོར་ཁོ་ནར་བརྩོན་ཞིང་། སྐལ་ལྡན་གདུལ་བྱ་མང་བོར་དལ་འབྱོར་རྙེད་དཀའ་དང་འཆི་བ་མི་རྟག་པ། ལས་འབྲས་དང་འཁོར་བའི་ཉེས་དམིགས། བདག་གཞན་མཉམ་བརྗེ་དང་བྱང་སེམས་ཀྱི་ཕན་ཡོན། སྐྱེས་བུ་གསུམ་གྱི་ལམ་རིམ་སོགས་བློ་སྦྱོང་གི་སྐོར་གྱི་བསླབ་རྒྱུན་པར་གནང་། ཁོང་གིས་རྒྱུན་དུ་བརྐྱངས་ཕྱག་གནང་བས་ཞབས་འོག་གི་མཐིལ་ཤིང་དྲལ་ཏེ་བུ་ག་བརྡོལ་ནས་ཡོད་པ་དངོས་སུ་མཇལ་རྒྱུ་ཡོད། མཐར་སྤྱི་ལོ་༢༠༠༠དགུང་ལོ་དོན་གསུམ་སྟེང་གཟིགས་སྐུའི་བཀོད་པ་ཆོས་ཀྱི་དབྱིངས་སུ་བསྡུས་པའི་ཚུལ་བསྟན་ཏོ།།

རྩོམ་སྒྲིག་པ།  ཤེས་རབ་རལ་གྲི།

གསལ་འདེབས།

རྩོམ་འདིའི་པར་དབང་ངེད་དགེ་ལུགས་པའི་དྲ་བར་གཏོགས་པས་གང་འདོད་དུ་གཞན་དུ་མི་འགོད་པ་དང་། གལ་ཏེ་འགོད་ན་རྩོམ་ཁུངས་དང་སྦྲེལ་ཐག་གསལ་པོར་དགོད་པར་ཞུ།ལྷག་པར་འཕྲིན་སྟེགས་དག་གིས་འགོད་དུས原创བྱས་ཏེ་འགོད་མི་ཆོག

དྲ་བའི་སྦྲེལ་ཐགhttp://www.tb1025.cn 


བརྒྱུད་འགོད།