གཙང་དགོན་པའི་རི་ཤེས་མཁན་ཆེན་པ་མཆོག་གི་རྣམ་ཐར་མདོར་བསྡུས།

ཡོང་ཁུངས།   དགེ་ལུགས་དྲ་བ།     སྤེལ་དུས།  2023-12-07 10:20:38     རྩོམ་པ་པོ།   སེ་མཆོད་ཡོན་རྒྱ་མཚོ།    ཀློག་ཐེངས།  

微信图片_20231207103411.jpg

གཙང་དགོན་པའི་རི་ཤེས་མཁན་ཆེན་པ་མཆོག་གི་རྣམ་ཐར་མདོར་བསྡུས།

ངེས་འབྱུང་རྣལ་མས་ལ་དྲངས་སོ་ཐར་ཟིལ། །

དྲི་ངད་ཞིམ་པོས་ཁོར་ཡུག་ཀུན་འགེངས་ཏེ། །

རིས་མེད་སྐྱེ་རྒུ་བདེ་བའི་ལམ་བཟང་དུ། ། 

འགོད་པའི་ཐབས་ཤེས་གཤོག་ཟུང་ནུས་རྩལ་རྫོགས། །

  ཞེས་བཀའ་དྲིན་གསུམ་ལྡན་གྱི་བླ་མ་རྡོ་རྗེ་འཆང་ཆེན་མོ་མཚན་བརྗོད་པར་དཀའ་བ་དོན་གྱི་སླད་དུ་མཚན་ནས་སྨྲོས་ན ༸རི་ཤེས་མཁན་ཆེན་པ་བློ་བཟང་བསྟན་པའི་རྒྱལ་མཚན་མཆོག་ནི་1930ལོའི་ཟླ་12ཚེས་15ཉིན། ཨ་རིག་དངོས་མར་ཡབ་བརྩོན་འགྲུས་སྒྲ་དབྱངས་དང་ཡུམ་སྒྲོལ་མ་སྐྱིད་གཉིས་ཀྱི་སྲས་སུ་སྐུ་འཁྲུངས། མཚན་ལ་ཚེ་དབང་དར་རྒྱས་སུ་གསོལ། 

དགུང་ལོ་ལྔའི་ཐོག་ལྷ་སར་རྗེ་ཕུར་བུ་ལྕོག་རིན་པོ་ཆེས་སྐུ་གོང་མའི་ཡང་སྲིད་འཁྲུལ་བྲལ་དུ་ངོས་འཛིན་གནང་།

 དགུང་གྲངས་བདུན་སྟེང་གཙང་དགོན་པའི་གདན་རབས་ཉེར་བརྒྱད་པ་སྨྲ་བའི་དབང་ཕྱུག་བརྩི་བཞག་བློ་བཟང་ཆོས་འཕེལ་རིན་པོ་ཆེ་ལས་རབ་བྱུང་དང་དགེ་ཚུལ་དཀྱུས་གཅིག་ལ་གནང་སྟེ་ངུར་སྨྲིག་གི་རྒྱལ་མཚན་བཞེས། མཚན་ལ་བློ་བཟང་བསྟན་པའི་རྒྱལ་མཚན་དུ་གསོལ། རི་ཤེས་དགེ་བཤེས་བློ་བཟང་ཆོས་གྲགས་ཚང་ཀློག་གི་སློབ་དཔོན་དུ་བསྟེན་ཏེ་རྟག་ཏུ་མཉམ་བཞུགས་གནང་། དགུང་ལོ་བཅུ་བཞི་སྟེང་ཆོས་སྡེ་ཆེན་མོ་གཙང་དགོན་དོན་གྲུབ་རབ་བརྟན་གླིང་གི་ཆོས་སྒོར་ཞུགས།

 དེ་ནས་དགུང་ལོ་བཅུ་བཞིར་སོན་པ་ན་ལུང་སྡེ་སྣོད་གསུམ་གྱི་འཆད་ཉན་ལ་ཐོགས་མར་ཞུགས་ཏེ་འགྲེལ་བ་དོན་གསལ། ལེགས་བཤད་སྙིང་པོ། གཙང་རྟགས་ཆོས་གྲགས་དགོངས་རྒྱན་སོགས་ཚོགས་རྒྱུགས་སུ་ཕུལ། 

དེ་ནས་ལུང་དང་རིགས་པའི་བགྲོ་གླེང་ནར་མར་མཛད་དེ་གཞུང་ལུགས་མདོ་སྔགས་རབ་འབྱམས་པའི་རྣམ་ཐར་བདག་གིར་བཞེས། ཡང་གདུལ་བྱ་རིས་མེད་ཀྱི་སློབ་བུ་རྣམས་ལ་དབང་ལུང་རྗེས་གསུམ་གྱི་མན་ངག་མཐའ་དག་དང་། རྩ་ཊཱིཀ་སོགས་ཀྱི་ཁྲིད་བར་མེད་དུ་གནང་ཞིང་གཙང་དགོན་དོན་གྲུབ་རབ་བརྟན་གླིང་གི་ཆོས་སྲིད་ལུགས་གཉིས་ཀྱི་མངའ་བདག་ཆེན་པོར་གྱུར། དེའི་ཞོར་ལ་གཞུང་ལུགས་སྣ་ཚོགས་དང་མདོ་སྔགས་རྒྱ་ཆེར་གྱི་དཀའ་འགྲེལ་སོགས་པོ་ཏི་བཞི་ལྷག་བགོ་སྐལ་དུ་བསྩལ་ཏེ་རྒྱས་སྲས་ཀྱི་སྤྱོད་པ་རླབས་པོ་ཆེ་མངའ་བརྙེས་པར་མཛད། 

དེ་ནས་གདུལ་བྱ་རྟག་འཛིན་ཅན་རྣམས་ཆོས་ལ་འགོད་པའི་ཕྱིར་དུ་སྤྱི་ལོ2012ཧོར་ཟླ་12.15 ཉིན་གྱི་དགོང་མོའི་ཆུ་ཚོད་བཅུ་གཅིག་ཡས་མས་སུ་དགོངས་པ་ཆོས་དབྱིངས་སུ་ཐིམ་མོ། །

མིག་ཆུའི་ཕྲེང་ཐག་རྒྱ་མཚོའི་རླབས་འདྲེས་ཏེ། །

ཡིད་ཆེས་དམ་གཙང་དུ་ཀུ་ལ་ཡི་གོས། །

ཁྱེད་ཉིད་དྲན་པའི་མཆོད་ཡོན་ལེགས་ཕུལ་ན། །

ཨ་སྔོན་མཐོངས་ནས་དངོས་གྲུབ་ལྷག་ལྷག་སྩོལ། །

ཞེས་དམ་པ་གང་གི་སློབ་བུ་སེ་མཆོད་ཡོན་རྒྱ་མཚོས་སྤྱི་ལོ2023.12.5དང་། བོད་ཟླ10.23 ཉིན་གྱི་དགོང་མོ་ཆུ་ཚོད་22:56སྟེང་རྣམ་ཐར་མདོར་བསྡུས་ཤིག་ཟུག་བྲིས་སུ་བགྱིས་སོ། །

རྩོམ་སྒྲིག་པ།  ཤེས་རབ་རལ་གྲི།

གསལ་འདེབས།

རྩོམ་འདིའི་པར་དབང་ངེད་དགེ་ལུགས་པའི་དྲ་བར་གཏོགས་པས་གང་འདོད་དུ་གཞན་དུ་མི་འགོད་པ་དང་། གལ་ཏེ་འགོད་ན་རྩོམ་ཁུངས་དང་སྦྲེལ་ཐག་གསལ་པོར་དགོད་པར་ཞུ།ལྷག་པར་འཕྲིན་སྟེགས་དག་གིས་འགོད་དུས原创བྱས་ཏེ་འགོད་མི་ཆོག

དྲ་བའི་སྦྲེལ་ཐགhttp://www.tb1025.cn 

བརྒྱུད་འགོད།