གཙང་དགོན་པའི་བརྩི་བཞག་ཆོས་འཕེལ་རྒྱ་མཚོ་མཆོག་གི་རྣམ་ཐར་མདོར་བསྡུས།

ཡོང་ཁུངས།   དགེ་ལུགས་དྲ་བ།     སྤེལ་དུས།  2023-12-07 10:25:17     རྩོམ་པ་པོ།   སེ་མཆོད་ཡོན་རྒྱ་མཚོ།    ཀློག་ཐེངས།  

微信图片_20231207102726.jpg

ཆོས༵་ཀྱི་སྣང་སྟོང་གཉིས་ཚོགས་འགལ་མེད་དུ། །

ལྷུག་པར་སྩོལ་བའི་འཕྲིན་ལས་སྦྲང་ཆར་འཕེལ༵། །

དཔལ་སྟུག་ལྷུན་གྲུབ་འོ་མའི་རྒྱ༵་མཚོ༵འི་སྤུན། །

རིག་པའི་སེང་ཕྲུག་མིད་པ་ཤིས་པར་སྒྲུབས། །

  ཞེས་བཀའ་དྲིན་གསུམ་ལྡན་གྱི་བླ་མ་རྗེ་བཙུན་སྔགས་ཆེན་རྡོ་རྗེ་འཆང་ཆེན་མོ་མཚན་བརྗོད་པར་དཀའ་བ་དོན་གྱི་སླད་དུ་མཚན་ནས་སྨྲོས་ན༸ རྗེ་བཙུན་ཆོས་འཕེལ་རྒྱ་མཚོ་མཆོག་ནི་1938ལོའི་དབོ་ཟླ་བའི་དཀར་ཕྱོགས་དགའ་བ་གསུམ་པར་ཡབ་ནོས་ཁོ་དང་། ཡུམ་ཛམ་བྷ་སྐྱིད་གཉིས་ཀྱི་སྲས་སུ་སྐུ་འཁྲུངས། 

གཙང་སྤྲུལ་བའི་སྐུ་རིན་པོ་ཆེས་བསྟན་པ་དར་རྒྱས་ཞེས་གསོལ། དགུང་གྲངས་བཅུ་གཅིག་སྟེང་ཞང་བོ་ཨ་ཀ་རིན་པོ་ཆེ་ལས་རབ་ཏུ་བྱུང་། མཚན་ལ་ཆོས་འཕེལ་རྒྱ་མཚོར་གསོལ། དགུང་ལོ་བཅུ་གསུམ་པར་ཀད་སྐོར་རིན་པོ་ཆེ་བསྟན་འཛིན་རྒྱ་མཚོ་ལས་ཚིགས་སྔ་མ་དགེ་ཚུལ་གྱི་སྡོམ་པ་བཞེས།

དགུང་ལོ་བཅོ་ལྔའི་སྟེང་དཔལ་གྱི་ཆོས་སྡེ་ཆེན་མོ་གཙང་དགོན་དོན་གྲུབ་རབ་བརྟན་གླིང་གི་ཆོས་སྒོར་ཞུགས། བརྩི་བཞག་ཆོས་འཕེལ་དོན་ལྡན་སོགས་ལས་བསྡུས་གྲྭ་དང་ཚད་མ་སོགས་གསན་སྦྱོང་མཛད། 

དགུང་ལོ་བཅུ་བདུན་པར་བླ་བྲང་བཀྲ་ཤིས་འཁྱིལ་དུ་སློབ་གཉེར་ལ་ཕེབས། རྗེ་དགེ་འདུན་རྒྱ་མཚོ་ལས་དབྱངས་ཅན་སྒྲ་ཊཱིཀ་ཆ་ཚང་དང་སྡེབ་སྦྱོར་རིན་ཆེན་འབྱུང་གནས་སོགས་གསན། 

1976ལོ་ནས་རི་སྡེའི་ཆུ་མཛོད་སྲུང་མིར་བཞུགས་པས་དཔེ་གཟིགས་དང་སྒོམ་ཉམས་ལེན་ཅི་མང་མཛད། 

1981ལོར་གཙང་དགོན་དུ་ཕེབས་ཏེ་དགེ་ཚུལ་སློང་གི་སྡོམ་རྒྱུན་གནང་། དེ་ནས་བཟུང་དགོན་པར་རྒྱུན་བཞུགས་གནང་སྟེ་གཞུང་བཀའ་པོད་ལྔ་རྩིས་དཀར་ནག་བློ་སྦྱོང་དབྱངས་ཅན་སྒྲ་མདོ་རིག་པའི་གནས་ལྔ་སོགས་རྒྱུན་ཆད་མེད་པར་ཁྲིད་གནང་མཛད། 

དགུང་ལོ་ཞེ་དྲུག་སྟེང་གཙང་དགོན་པའི་གདན་རབས་ཞེ་བཞི་བའི་ཁྲིར་ཕེབས་ཏེ་ཁྲི་ལོ་བཅོ་ལྔར་གདན་ས་བསྐྱངས། མདོ་སྔགས་ཟུང་འབྲེལ་གྱི་དཔེ་ཁྲིད་གནང་བཞིན་དབང་ལུང་རྗེས་གསུམ་གྱི་རྡོ་རྗེ་འཆང་ཆེན་པོའི་འཕྲིན་ལས་བདག་གིར་མཛད་པར་མ་ཟད། གསང་སྔགས་གྲྭ་ཚང་ལ་སྔགས་འཆད་ཉན་དར་རྒྱས་སུ་བཏང་ཏེ་འགྲེལ་བ་བཞི་བསྒྲགས་ཀྱི་དཀའ་གནད་གཟབ་ཁྲིད་སོགས་རྒྱུན་པར་གནང་། དེར་མཐུད་གསུང་གི་འཕྲིན་ལས་ཀྱི་གཏེར་མཛོད་མན་ངག་སོགས་པོ་ཏི་ལྔ་ལས་ལྷག་མཛད། 

དེ་ནས་གདུལ་བྱ་རྟག་འཛིན་ཅན་རྣམས་ཆོས་ལ་འགོད་པའི་ཕྱིར་དུ་སྤྱི་ལོ2021.5.2དང་། བོད་ཟླ་3.21ལ་དགོངས་པ་ཆོས་དབྱིངས་སུ་ཐིམ་པའི་ཚུལ་མཛད་དོ། །

འོན་ཏང་ཞི་བའི་དབྱིངས་ལ་མི་གཟིམས་པར། །

གང་འདུལ་སྒྱུ་འཕྲུལ་རོལ་བ་སྣ་ཚོགས་ལས། །

གཞན་ཕན་འོད་སྟོང་བདག་པོའི་ཚན་ཁ་ཡིས། །

བདག་ཅག་ཡང་གཅིག་རྗེས་སུ་གཟུང་བར་མཛོད། །

ཅེས་དམ་པ་གང་གི་སློབ་བུ་སེ་མཆོད་ཡོན་རྒྱ་མཚོས་སྤྱི་ལོ2023.12.5དང་། བོད་ཟླ10.23 ཉིན་གྱི་དགོང་མོ་ཆུ་ཚོད་21:14སྟེང་རྣམ་ཐར་མདོར་བསྡུས་ཤིག་ཟུག་བྲིས་སུ་བགྱིས་སོ། །

རྩོམ་སྒྲིག་པ།  ཤེས་རབ་རལ་གྲི།

གསལ་འདེབས།

རྩོམ་འདིའི་པར་དབང་ངེད་དགེ་ལུགས་པའི་དྲ་བར་གཏོགས་པས་གང་འདོད་དུ་གཞན་དུ་མི་འགོད་པ་དང་། གལ་ཏེ་འགོད་ན་རྩོམ་ཁུངས་དང་སྦྲེལ་ཐག་གསལ་པོར་དགོད་པར་ཞུ།ལྷག་པར་འཕྲིན་སྟེགས་དག་གིས་འགོད་དུས原创བྱས་ཏེ་འགོད་མི་ཆོག

དྲ་བའི་སྦྲེལ་ཐགhttp://www.tb1025.cn 


བརྒྱུད་འགོད།