གཙང་དགོན་པའི་བརྩི་བཞག་སྐལ་བཟང་དབྱིག་གཉེན་མཆོག་གི་རྣམ་ཐར་མདོར་བསྡུས། 

ཡོང་ཁུངས།   དགེ་ལུགས་དྲ་བ།     སྤེལ་དུས།  2023-12-07 10:20:38     རྩོམ་པ་པོ།   སེ་མཆོད་ཡོན་རྒྱ་མཚོ    ཀློག་ཐེངས།  

ཁོང་ནི་གཡུ་རྔོག་རྩ་རིང་ཚོ་བར་ཡབ་བསོད་ནམས་དར་རྒྱས་དང་ཡུམ་ཆོས་མོ་མཚོ་གཉིས་ཀྱི་སྲས་སུ1918ལོའི་དྲུག་ཟླའི་ནང་སྐུ་འཁྲུངས། 

དགུང་ལོ་བཅོ་ལྔ་དང་བཅུ་དྲུག་གི་དུས་སུ་ཆོས་སྤྱོད་བརྒྱད་ཅུ། རྒྱན་འཇུག་གཉིས། མཁན་ཆེན་བསྡུས་གྲྭ། ཆོས་གྲགས་དགོངས་རྒྱན། འགྲེལ་བ་དོན་གསལ། ལེགས་བཤད་སྙིང་པོ། དབུ་མའི་སྤྱི་དོན། བྱམས་ཆོས་སྡེ་ལྔ། མཛོད་འདུལ་གྱི་རྩ་བ། བྱང་ཆུབ་ལམ་རིམ་ཆེན་མོ་སོགས་ཐུགས་འཛིན་གནང་སྟེ་མ་རྟོགས་ལོག་རྟོག་གི་སྒྲོ་སྐུར་སོགས་ལྷག་མེད་དུ་ཆོད་པར་མཛད། 

1981ལོར་བརྩི་བཞག་བླ་མར་བཞུགས་ཏེ་བྱང་ཆུབ་ལམ་རིམ་ཆེན་མོ་དང་སྐྱེས་རབས་སོ་བཞི་སོགས་བཀའ་ཁྲིད་ཟབ་རྒྱས་གནང་། དེ་ནས་བཟུང་འཛིན་གྲྭ་ཁག་ལ་དཔེ་ཁྲིད་སྣ་མང་གནང་སྟེ་གཞུང་བཀའ་པོད་ལྔ་དང་གསང་བ་སྔགས་ཀྱི་འཆད་ཉན་སོགས་ཆེས་ཆེར་རྒྱས་པར་མཛད། 

དེ་ནས་རིམ་གྱིས་ལམ་རིམ་ཆེན་མོ་དང་སྤྱོད་འཇུག་སོགས་ཀྱི་ཁྲིད་གདུལ་བྱ་རྣམས་ལ་ཕངས་མེད་དུ་བསྩལ། དགོན་པའི་སྒྲིག་དང་བསླབ་པ་སློབ་གཉེར་སོགས་ལ་ཐུགས་ཁུར་རྒྱ་ཆེར་གནང་སྟེ་ཉིས་སྟོང་བཞིའི་བར་གཙང་དགོན་པའི་ཆོས་འཆད་ཉན་སོགས་བླ་ལྷག་ཏུ་བསྐྱངས་པར་མཛད།

 དེ་ནས་གདུལ་བྱ་རྟག་འཛིན་ཅན་རྣམས་ཆོས་ལ་འགོད་པའི་ཕྱིར་དུ་སྤྱི་ལོ་2004ལོའི་ཟླ་1ཚེས་2ཉིན་གྱི་ཐོ་རངས་དུས་སུ་དགོངས་པ་ཆོས་དབྱིངས་སུ་ཐིམ་ཚུལ་བསྟན་ཏོ། །

ཞེས་དམ་པ་གང་གི་སློབ་བུ་སེ་མཆོད་ཡོན་རྒྱ་མཚོས་སྤྱི་ལོ2023.12.5དང་། བོད་ཟླ10.23 ཉིན་གྱི་དགོང་མོ་ཆུ་ཚོད་20:11སྟེང་རྣམ་ཐར་མདོར་བསྡུས་ཤིག་ཟུག་བྲིས་སུ་བགྱིས་སོ། །

རྩོམ་སྒྲིག་པ།  ཤེས་རབ་རལ་གྲི།

གསལ་འདེབས།

རྩོམ་འདིའི་པར་དབང་ངེད་དགེ་ལུགས་པའི་དྲ་བར་གཏོགས་པས་གང་འདོད་དུ་གཞན་དུ་མི་འགོད་པ་དང་། གལ་ཏེ་འགོད་ན་རྩོམ་ཁུངས་དང་སྦྲེལ་ཐག་གསལ་པོར་དགོད་པར་ཞུ།ལྷག་པར་འཕྲིན་སྟེགས་དག་གིས་འགོད་དུས原创བྱས་ཏེ་འགོད་མི་ཆོག

དྲ་བའི་སྦྲེལ་ཐགhttp://www.tb1025.cn 


བརྒྱུད་འགོད།